ཁ་པར་ནང་མཉེན་ཆས་བཙན་གྱིས་ཕབ་ལེན་དང་བོད་མི་ཚོ་ལ་སྟངས་འཛིན་བྱེད་ཐབས་།
རྒྱ་ནག་གཞུང་གིས་འཕྲུལ་རིགས་སྤྱད་ནས་བོད་ནང་གི་བོད་མི་ཚོ་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་བཞིན། རྒྱ་གཞུང་གིས་ཉེ་ཆར་བོད་ནང་གི་བོད་མི་ཚོ་ལ་བཙན་གྱིས་ཁ་པར་ནང་མཉེན་ཆས་ཤིག་ཕབ་ལེན་བྱེད་འཇུག་བཞིན་ཡོད་འདུག་པ་དང་། རྒྱ་གཞུང་གིས་མཉེན་ཆས་དེ་བརྒྱུད་ནས་བོད་མི་ཚོས་རྒྱ་ནག་གི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་གང་བྱེད་བཞིན་ཡོད་མེད་ཚོད་འཛིན་བྱེད་ཀྱི་ཡོད་འདུག

ཕྱི་ཚེས་༩ ་ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཀྱི་སྐོར་ཉམས་ཞིབ་བྱེད་མཁན་དག་གིས་རྙེད་སོན་བྱུང་བ་ཞིག་ལ། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་གི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་ལ་ཚོད་འཛིན་བྱེད་ཆེད་བོད་མི་སྒེར་གྱི་ཁ་པར་ནང་མཉེན་ཆས་ཤིག་ཕབ་ལེན་བྱེད་འཇུག་གི་ཡོད་འདུག

བོད་ཀྱི་སྐོར་ཉམས་ཞིབ་པ་དག་གིས་ད་ཆར་འཕྲུལ་རིགས་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་རང་དབང་ལ་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་བརྗོད་ཡོད་འདུག དམིགས་བསལ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་པ་ནས་བཟུང་། བོད་ནང་དང་ཡུ་གུར་ནང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག ཞི་ཅིན་ཕིང་གིས་མི་རིགས་ཀྱི་མཐུན་སྒྲིལ་གོང་མཐོ་གཏོང་དགོས་ཚུལ་བརྗོད་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག བོད་གནས་ལྟ་ཞིབ་ཁང་དང་ཉམས་ཞིབ་ཁང་(network Turquoise Roof) ཟེར་བ་གཉིས་ཀྱིས་བརྗོད་ཡོད་པ་ཞིག་ལ། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་ནང་གཙོ་བོ་བོད་མི་ཚོ་ལ་དམིགས་ནས་མཉེན་ཆས་ཤིག་བཟོས་ཡོད་པ་དང་། མཉེན་ཆས་དེ་ཡིས་རྒྱ་ནག་གཞུང་ལ་བོད་མི་ཚོས་རྒྱ་ནག་གི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་རིགས་བྱས་ཚེ་འཇུ་བཟུང་བྱེད་རྒྱུ་དང་ལྟ་བཟུང་བྱེད་རྒྱུ་ལས་སླ་པོ་ཆགས་ཀྱི་ཡོད་འདུག མཉེན་ཆས་དེ་བརྒྱུད་ནས་ཁ་པར་སུ་ལ་གཏོང་གི་ཡོད་མེད་དང་། འཕྲིན་ཐུང་ག་རེ་བྲིས་ཡོད་མེད་སོགས་ཀྱི་གནས་ཚུལ་ཆ་ཚང་རྒྱ་ནག་གཞུང་ལ་རག་གི་ཡོད་པ་བརྗོད་ཡོད་འདུག ཉམས་ཞིབ་ཁང་(Turquoise Roof ) ་ཟེར་བ་དེ་ཡིས་བརྗོད་དོན་ལ། ཁོང་ཚོས་མཉེན་ཆས་ཀྱི་སྐོར་ཞིབ་འཇུག་བྱེད་དུས། རྒྱ་ནག་གཞུང་གིས་བཟོས་པའི་མཉེན་ཆས་དེ་ཁ་པར་ནང་ཕབ་ལེན་བྱས་ན། ཁ་པར་ནང་ཡོད་པའི་གནས་ཚུལ་ཆ་ཚང་རྐུ་ཐུབ་པའི་ནུས་པ་ཡོད་པ་རྙེད་སོན་བྱུས་ཡོད་འདུག བོད་གནས་ལྟ་ཞིབ་ཁང་གིས་བརྗོད་དོན། ལོ་སྔོན་མ་བོད་མི་སྐྱབས་བཅོལ་བ་ཞིག་གིས་ཁོང་སློབ་གྲྭ་ནས་ཁྱིམ་ལ་ལོག་ཡོང་དུས་རྒྱ་ནག་གི་ཉེས་རྟོག་པས་ཁོང་ལ་མཉེན་ཆས་དེ་ཕབ་ལེན་བྱེད་དགོས་པ་བཙན་བཀའ་བཏང་ཡོད་པ་བརྗོད་ཡོད་འདུག ད་བར་མཉེན་ཆས་དེ་མི་ས་ཡ་༢༠༠ ་ཙམ་གྱིས་ཕབ་ལེན་བྱས་ཡོད་འདུག དཔལ་འབྱོར་དུས་བབ་(the Financial Time)་ཟེར་བ་དེ་ཡིས་བརྗོད་དོན་ལ། ད་ཆར་བོད་ནང་ས་གནས་གཞུང་གི་ལས་བྱེད་ཚང་མས་མཉེན་ཆས་དེ་ཕབ་ལེན་བྱེད་དགོས་ཀྱི་ཡོད་འདུག་པ་དང་། ཕྲུ་གུ་སློབ་གྲྭ་ལ་འཇུག་དུས་ཕ་མ་ཚོས་ཕབ་ལེན་བྱེད་དགོས་ཀྱི་ཡོད་འདུག བོད་གནས་ལྟ་ཞིབ་ཁང་གིས་ད་ལྟའི་ཆར་རྒྱ་གཞུང་གིས་བོད་དང་ཡུ་གུར་གཉིས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།