བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༨ ཕྱི་ལོ་ ༢༠༢༠/༠༡/༢༧
ཉེ་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེབ་འགོད་ཨང་༢༡ པ་རུལ་སོང་བའི་བཀའ་ཁྱབ་བཏང་འདུག “རུལ་”ཞེས་པ་འདི་བྱ་བྱེད་ཐ་མི་དད་པའམ། གཟུགས་མི་འགྱུར་བའི་ལས་ཚིག་ཅིག་ཡིན་པ་དང་། ཟ་ཆས་སོགས་རུལ་ནས་བཟའ་མི་རུང་བར་གྱུར་པ། གྱོན་ཆས་སོགས་རུལ་ནས་གྱོན་མི་རུང་བར་གྱུར་པ་ལྟ་བུ་ལ་གོ་ཞིང་། རུལ་སུངས་སུ་གྱུར་པའི་དངོས་པོ་དག་ལ་དྲི་མ་ངན་པ་བྲོ་བ་བཞིན། དེ་དང་དཔེ་སྦྱར་ནས་དཔོན་ངན་རུལ་སུངས་ཅན་སོགས་སུ་གོ་བའི་སྐབས་ཀྱང་ཡོད། ཁྲིམས་ལུགས་ཀྱི་ནང་དུ་ཁ་མཆུ་རུལ་སོང་བའི་བཤད་སྲོལ་ཡོད་མེད་མི་ཤེས་ནའང་། ཁ་མཆུ་དེ་རུལ་ནས་བེད་མེད་དུ་གྱུར་སོང་བ་ཞིག་ཏུ་གོ་དགོས་པར་སྣང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་འདས་པའི་ལོ་ཁ་ཤས་ནང་དོ་སྣང་བྱེད་མཁན་མེད་པ་ནས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཕྱོགས་གཅིག་གིས་བསྟོད་བསྔགས་ཚད་ལས་བརྒལ་བ་གཏོང་བ་དང་། ཕྱོགས་གཅིག་གིས་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱེད་ཡུལ་ཞིག་ཏུ་གྱུར་ཟིན།
ཁྲིམས་ཞིབ་ཁང་གི་ཐག་གཅོད་ནང་“ཞུ་སྦྱོར་བའི་ངོས་ནས་རྩོད་གཞིའི་གནད་དོན་ཐོག་ཁ་མཆུ་གསར་འཛུགས་དང་། གྱོད་ཡ་དོ་བདག་གི་ཐོབ་ཐང་དང་འབྲེལ་མེད་ཀྱི་དགོས་འདུན་རིམ་འཛར་དུ་བཏོན་པ་དང་། ཁ་མཆུའི་གནད་དོན་ཁུངས་སྐྱེལ་སྒྲུབ་བྱེད་དུ་རང་ཉིད་ཀྱི་བསམ་ཚུལ་ཙམ་གཞི་ལ་བཞག་སྟེ་ཚོད་དཔག་གི་རྩོད་ཤགས་དང་།”ཞེས་ནས། “ར་སྤྲོད་བྱེད་ཀྱི་ཡོད་ཟེར་བ་ཙམ་ལས། ཁུངས་སྐྱེལ་དཔང་རྟགས་གཅིག་ཀྱང་འདོན་འབུལ་ཞུས་མེད་ལ། ཞུ་སྦྱོར་བའི་བསྒྲུབ་བྱ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དོན་ཚན་ ༡༢ (༣) བསྐྱར་བཅོས་གཏན་འབེབས་བྱས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་དང་འགལ་ཡོད་མེད་ཀྱི་ཁྲིམས་དོན་གྱི་གནད་དོན་ལྟེ་བའི་ཐོག་སྒྲུབ་བྱེད་ཡང་དག་འདོན་འབུལ་བྱས་མེད་པ་མ་ཟད།”ཅེས་སོགས་ཐག་བཅད་ནས་བཀོད་པར་གཞིགས་ན། ཞུ་སྦྱོར་བའི་གནད་དོན་གཙོ་བོ་འདི་གཉིས་དཔང་རྟགས་དང་རྒྱུ་མཚན་གང་ཐད་ནས་ཁུངས་སྐྱེལ་ར་སྤྲོད་ཐུབ་མེད་པ་དེ་གསལ་པོ་བསྟན་འདུག
ད་ལན་ཁ་མཆུ་ཨང་༢༡ པ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི། དོན་ཚན་༡༢ པའི་ནང་གསེས་༣ པ་བསྐྱར་བཅོས་བྱས་པ་དེ། ནང་སྲིད་ལས་ཁུངས་ཀྱིས་ལག་བསྟར་བྱས་པར་བརྟེན། སྒྲིག་གཞི་དེ་བཅའ་ཁྲིམས་དང་མི་མཐུན་ཚུལ་གྱིས་ཁ་མཆུ་བཙུགས་པ་ཞིག་རེད་ལ། ཁ་མཆུ་འདི་ཐད་ཀར་བཀའ་ཤག་དང་ནང་སྲིད་ལ་འབྲེལ་བ་མེད་ནའང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐག་གཅོད་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་སྟབས། ཕྱི་ཤུན་དེ་འདྲ་ཞིག་མི་གཡོགས་ཀ་མེད་ལྟ་བུར་མངོན། ཡང་བཀའ་ཁྱབ་ནང་རྩོད་ལན་པར་“བསྟུད་མར་བརྡ་ཐོ་སྔ་རྗེས་ཁག་གསུམ་བཏང་སྟེ། ཁྲིམས་ཡིག་ལུང་འདྲེན་གྱིས་སྒྲིག་གཞི་སྲུང་སྐྱོབ་ཀྱི་ཁུར་འཁྲིའི་ལས་འགན་ལེན་དགོས་པའི་བཀོད་མངགས་ལམ་སྟོན་བྱས་པར། ལས་འགན་གཡོལ་རྐྱང་བྱས་ཡོད།”ཅེས་བཀོད་འདུག་ཀྱང་། ཞུ་སྦྱོར་བས་གནད་དོན་ཁག་ཁུངས་སྐྱེལ་བྱེད་ཐུབ་མེད་ན་རྩོད་ལན་པ་རང་བཞིན་གྱིས་རྒྱལ་སོང་བ་རེད།
ད་དུང་དེ་བས་ཀྱང་ཡ་མཚན་པ་ཞིག་ལ། ཐག་གཅོད་བཀའ་ཁྱབ་དེའི་ནང་། “ཀ གྱོད་ཡ་ཕྱོགས་གཉིས་ནས་ཁྲིམས་ཡིག་གི་བྱ་རིམ་གཞིར་བཟུང་ཁ་མཆུའི་གནད་དོན་ཐོག་འགན་ཁུར་ཚུལ་བཞིན་བླངས་མེད་པ་མ་ཟད། ཁྲིམས་ཞིབ་ཁང་གི་བརྡ་ཐོ་རིམ་ཅན་དུ་བཏང་བའི་ལམ་སྟོན་དང་ཐག་གཅོད་ཁག་ལའང་བརྩི་བཀུར་ཉམས་ལེན་བྱས་མེད།”ཅེས་ཚིག་རྫིག་པོ་འབའ་ཞིག་བཀོད་འདུག་ཀྱང་། འགན་ཁུར་ཚུལ་བཞིན་བླངས་མེད་པ་དང་། ལྷག་པར་དུ་ཁྲིམས་ཞིབ་ཁང་གི་ལམ་སྟོན་དང་ཐག་གཅོད་ལ་བརྩི་བཀུར་ཉམས་ལེན་མ་ཞུས་པ་ཡིན་ན། དེ་ལུགས་ཁྲིམས་ཞིབ་ཁང་གི་དབང་ཚད་ཀྱི་ཐོག་ནས་ཐག་གཅོད་ཡན་པོར་མ་སོང་བ་ཞིག་གནང་དགོས་པ་ལས། ཁ་མཆུ་རུལ་སོང་བར་ཐག་གཅོད་གནང་བ་ནི། ཁྲིམས་ཞིབ་ཁང་རང་ཉིད་ཀྱིས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་ལྟ་བུའི་སྣང་ཚུལ་ཞིག་རང་བཞིན་གྱིས་ཡོང་གི་འདུག དོན་དངོས་སུ་ཁ་མཆུ་རུལ་སོང་བ་ཡིན་ནམ། ཡང་ན་ཁྲིམས་ཐག་གཅོད་སྟངས་རུལ་སོང་བ་ཡིན། འདི་ཡང་ཕྱོགས་གང་ནས་བལྟས་ཀྱང་དྲི་རྟགས་ཤིག་ཏུ་གྱུར་འདུག
མདོར་ན་ད་ལྟའི་དུས་འདིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནང་སྟངས་མང་པོ་ཞིག་ཨ་རི་དང་། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་དཔོན་དག་ལ་དཔེ་བལྟ་བཞིན་ཡོད་པ་མ་ཟད། ཁུངས་ལུང་དང་རྒྱུ་མཚན་མང་པོ་ཞིག་ལ་ཨ་རི་དང་རྒྱ་གར་གྱི་རྩ་ཁྲིམས་ལ་གཏུག་གི་ཡོད་པའི་རྣམ་འགྱུར་གསལ་པོ་མཐོང་རྒྱུ་ཡོད་ཀྱང་། ཕྱོགས་གཅིག་ནས་བཙན་བྱོལ་བོད་མི་རྣམས་ཀྱི་གནས་སྟངས་དངོས་ལ་གཞིགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་གཙོ་བོར་འཛིན་དགོས་པ་ལས། ཨ་རི་དང་རྒྱ་གར་གྱི་རྩ་ཁྲིམས་འགྲེལ་བཤད་གནང་རྒྱུའི་ནུས་པ་དང་དབང་ཚད་གཉིས་ཀ་མེད་པ་ནི་ཧ་ཅང་གསལ་པོ་རེད། དེར་བརྟེན་བཙན་བྱོལ་བོད་མིའི་གནས་སྟངས་དངོས་ལ་གཞིགས་ནས་ཐག་གཅོད་གནང་དགོས་པ་དང་། དེ་ཡང་གཙོ་བོ་མང་གཙོའི་ཀ་བ་གསུམ་གྱི་བརྗིད་ཉམས་སྟངས་འཛིན་གྱི་ས་མཚམས་སྲུང་དགོས་པ་འདི་ཡང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་བརྟན་གནས་ཡོང་མིན་གྱི་ཁ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད་པའང་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་སྙམ།།