ཁ་འཐོར་གྱི་ཧོང་ཀོང་ནང་འཇིགས་སྣང་དང་ཡིད་ཐང་ཆད་པ།

Carrie Gracie ཡིས་བྲིས།  སྐལ་བཟང་དོན་གྲུབ་ཀྱིས་བསྒྱུར།

མ་རྩོམ་

སྐད་གྲགས་ཆེ་བའི་ཉི་གདུགས་ཀྱི་ལས་འགུལ་ཆེན་མོའི་ནང་མཉམ་ཞུགས་བྱས་ནས། ལོ་གཉིས་ཀྱི་རྗེས་སུ་ལོ་ན་༢༥ ཡིན་པའི་ཨེ་ཌ་ཝར་ཌ་ལིའུ་གེས་(Edward Leung) ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བསམ་ཚུལ་རྣོ་ངར་ལྡན་པ་ཞིག་ཁྱེར་ནས། ཕྱིར་ལས་འགུལ་སྤེལ་སའི་ཧོང་ཀོང་གི་ལམ་གཞུང་དུ་སླེབས་ཡོད་པ་རེད།

edward leung
ཨེ་ཌ་ཝར་ཌ་ལིའུ་གེས་(Edward Leung)

“དེ་སྔོན་ང་རང་ཞི་བའི་ལས་འགུལ་བ་ཞིག་ཡིན། འོན་ཀྱང་ང་ཚོར་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད།” བདུན་ཕྲག་འདིའི་ནང་དུ་དེ་སྔོན་དབྱིན་ཡུལ་གྱི་མངའ་ཁོངས་ཡིན་པའི་གྲོང་ཁྱེར་དེའི་ནང། དེ་སྔོན་མང་གཙོའི་ལས་འགུལ་ཆེན་མོའི་རྗེས་སུ་ཐེངས་དང་པོར་འོས་བསྡུ་བྱེད་རྒྱུ་ཡིན་པ་དང་། བསམ་ཤོག་བསྡུ་ལེན་ལྟར་ན་གཞོན་སྐྱེས་འོས་བླུགས་མཁན་མང་པོ་ཞིག་ཡིད་ཐང་ཆད་ནས་རྨང་བཅོས་རིང་ལུགས་ཀྱི་ལྟ་བར་ཁ་ཕྱོགས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། སྐུ་ཞབས་ལིའུ་གེ་ཡིས་ཡིད་ཐང་ཆད་ནས་དེ་ལྟར་འབྱུང་གི་ཡོད་པར་འགྲེལ་བརྗོད་བྱས་བྱུང་།

 

“ལས་འགུལ་ཆེན་མོའི་གྲུབ་འབྲས་མ་ཐོན་དུས། རང་ཉིད་ལ་དྲི་བ་འདྲི་འགོ་བཙུགས་པ་ཡིན། ངས་བློས་གཏོང་དེ་ལས་ཆེ་བ་ཞིག་བྱེད་འདོད་ཡོད་དམ། ཕྱི་ལོ་༡༩༦༠ ཡི་ནང་ཨ་རིར་མི་རིགས་ནག་པོའི་ལས་འགུལ་ཆེན་མོའི་སྟོབས་ཤུགས་ནང་། མེལ་ཁོམ་ཨེསི་དང་མར་ཊེན་ལུ་ཐེར་ཀིང་ཞེས་མི་འདྲ་བ་གཉིས་བྱུང་བ་རེད། མི་ཚོས་རང་ཉིད་ཀྱི་ཐབས་ལམ་དེ་ཞི་བ་དང་དྲག་པོ་ག་རེ་ཡིན་ཡང་དེ་རང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་དེ། ངས་ཐབས་ལམ་ཚང་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད། གལ་ཏེ་ཞི་བའི་ཐོག་ནས་སྤྱི་ཚོགས་འགྱུར་བ་གཏོང་ཐུབ་ཀྱི་ཡོད་ན་ཡིན་དང་ཡིན། ཐབས་ལམ་དེར་བློས་གཏོང་ཉུང་བ་ཆགས་ཀྱི་ཡོད་པས་ང་དེའི་ཐོག་འགྲོ་འདོད། འོན་ཀྱང་དྲག་པོའི་ཐབས་ལམ་དེ་གཞུང་ལ་གནོན་ཤུགས་སྤྲོད་ཆེད་ཤུགས་རྐྱེན་ཆེ་བ་ཡོད་ན། ང་རང་ཤུགས་རྐྱེན་ཆེ་བའི་ཐབས་ལམ་དེར་འཇུག་རྒྱུར་ཐེ་ཚོམ་མེད།”

སྐུ་ཞབས་ལིའུ་གེ་ཡིས་ལོ་འདིར་གཞུང་ལམ་དུ་ངོ་རྒོལ་སྐད་འབོད་བྱས་རྐྱེན། ཁོ་རང་ལ་ཟིང་འཁྲུག་བསླངས་པའི་ཉེས་འཛུགས་དང་འབྲེལ་ནས་ཁྲིམས་ཁང་གི་ཉན་ཞིབ་བསྒུག་ནས་བསྡད་ཡོད། ཁོ་རང་ནི་ཧོང་ཀོང་གྲོས་ཚོགས་ཀྱི་འོས་བསྡུར་མཉམ་ཞུགས་བྱས་ནས་སྤྱི་པའི་སྡིངས་ཆ་དེ་བེད་སྤྱད་ནས་ཧོང་ཀོང་དེ་ཉིད་རྒྱ་ནག་གི་དབང་གཙོ་སྨྲ་བའི་ལམ་ལུགས་ཀྱི་སྲིད་བྱུས་ནས་རང་དབང་ལེན་ཐབས་བྱེད་ཐུབ་པའི་རེ་བ་བཅངས་མཁན་གྱི་མང་གཙོའི་ལས་འགུལ་བ་གཞོན་སྐྱེས་ཁག་ཅིག་ནང་གི་མི་གཅིག་ཡིན། འོན་ཀྱང་གཞུང་འཛིན་མི་སྣས་གལ་ཏེ་ཁོང་ལ་འོས་ཐོབ་ཚེ། ཁོས་གཞུང་གི་སྡིངས་ཆ་དེ་བེད་སྤྱད་ནས་རང་བཙན་གྱི་ལངས་ཕྱོགས་ཁྱབ་སྤེལ་བྱེད་སྲིད་པར་དོགས་ནས། ཁོང་དང་མཉམ་དུ་མི་༥ ལ་འོས་མིར་ལངས་རྒྱུར་བཀག་འགོག་བྱས་པ་རེད།

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་རང་བཙན་རྒྱབ་སྐྱོར་བྱེད་མཁན་ཚོ་ནི་ཕན་མེད་དང་དུག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་གཞུང་གིས་དེའི་མངའ་ཁོངས་གཅིག་ལ་ཡང་རང་ཐག་རང་གཅོད་བྱེད་བཅུག་རྒྱུ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། བོད་དང་ཡུ་གུར་ནང་དུ་ཚད་ལྡན་གྱི་རང་སྐྱོང་གི་དགོས་འདུན་སྟོན་པ་ཙམ་གྱིས་བཙོན་ལ་དུས་རིང་བཅུག་གི་ཡོད་པ་རེད། ཞི་བའི་ལས་འགུལ་བར་ཁ་བྲལ་རིང་ལུགས་པའི་ཉེས་འཛུགས་བྱས་ནས། དྲག་པོའི་ལམ་ཁར་འཇུག་མཁན་གྱི་ཉེས་པ་དང་གཅིག་མཚུངས་སུ་བརྩི་ཡི་ཡོད།

 

ཆབ་སྲིད་དཔྱད་བརྗོད་པ་བྷའུ་པུ་ནི་པེ་ཅིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། ཁོང་གིས་རྒྱ་ནག་ནང་རྒྱལ་ཞེན་ཤུགས་ཆེན་པོ་འཕེལ་བཞིན་པའི་དུས་སྐབས་འདིར། ཧོང་ཀོང་གི་རང་བཙན་ནི་དངོས་ཡོད་གནས་སྟངས་དང་མི་མཐུན་པ་མ་ཟད། རྒྱ་གཞུང་གིས་དྲག་ཤུགས་ཆེན་པོའི་ངང་ནས་ལན་འདེབས་བྱེད་སྲིད་སྐོར་བརྗོད་བྱུང་། “ཧོང་ཀོང་རང་བཙན་ཐོབ་ཐབས་གཅིག་པུ་ནི་རྒྱལ་ཁབ་དེ་ཉིད་ལ་རང་ཉིད་ཀྱི་དམག་མི་དགོས་པ་དང་། རྒྱ་ནག་དང་དམག་འཐབ་བྱས་ནས་རྒྱལ་ཁ་ལེན་དགོས་པ་ཡིན་པས། ངས་བལྟས་ན་ཧོང་ཀོང་ལ་གནས་སྟངས་དེ་ཡོང་ཐབས་མེད་པ་རེད་འདུག”ཅེས་བརྗོད་བྱུང་།

འོན་ཀྱང་ཧོང་ཀོང་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་ཡར་རྒྱས་མེད་པ་དང་དཔལ་འབྱོར་ཉམས་རྒུད། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོའི་ཤུགས་རྐྱེན་དེ་ཉིན་རེའི་འཚོ་བའི་ལམ་ཕྱོགས་ཚང་མར་སླེབས་བཞིན་ཡོད་པས། ཧོང་ཀོང་གི་གཞོན་སྐྱེས་ཁག་ཅིག་གིས་བསམ་མི་ཐུབ་པ་དེ་འདྲར་བསམ་བློ་གཏོང་རྒྱུ་འགོ་བཙུགས་ཀྱི་ཡོད། ཉེ་ཆར་ལོ་ན་༢༥ ཡི་འོག་ན་ཡོད་པའི་གཞོན་སྐྱེས་ཁག་ཅིག་ལ་བསམ་ཤོག་བསྡུ་ལེན་ཞིག་བྱས་ཡོད་པ་དང་། དེའི་ཁྲོད་བརྒྱ་ཆ་༤༠ ལ་ཉེ་བས་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།

 

_90937934_alvinyeung
ཨལ་ཝན་ཅུང་

རང་ལོ་༣༥ ཡིན་པའི་སྤྱི་དམངས་ཚོགས་པའི་ཚོགས་མི་ཨལ་ཝན་ཅུང་ནི་རང་བཙན་རྒྱབ་སྐྱོར་བའི་ཁོངས་སུ་མེད། འོན་ཀྱང་ཁོང་གིས་བདུན་ཕྲག་འདིའི་འོས་བསྡུར་འོས་མིར་བསྐྱར་དུ་ལངས་ནས། རང་བཙན་རྒྱབ་སྐྱོར་བ་ཚོའི་སྨྲ་བརྗོད་རང་དབང་ལ་སྲུང་སྐྱོབ་བྱས་ནས། ཧོང་ཀོང་གི་གཞོན་སྐྱེས་ཚོ་ལྟ་བ་དྲག་པོར་འགྱུར་བའི་ཉེས་པ་ནི་རྒྱ་གཞུང་ཡིན་སྐོར་བརྗོད་ཡོད་པ་རེད། “ཁོ་ཚོས་ཧོང་ཀོང་གི་ལས་དོན་ལ་ཐེ་ཇུས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། ང་ཚོས་རང་ཉིད་ཀྱི་སྤྱི་ཁྱབ་དེ་རང་ངོས་ནས་འདེམས་ཐུབ་ཀྱི་མེད་ཀྱང་། གྲོས་ཚོགས་མི་སྣ་རང་ངོས་ནས་འདེམས་ཐུབ་ཀྱི་རེད་དྲན་གྱི་ཡོད། འོན་ཀྱང་ལོ་འདིར་གཞུང་གིས་འོས་མི་ཉུང་ཤས་ཤིག་ཐད་ཀར་བདམས་སོང་བས། ང་ཚོའི་བསམ་པ་ལྟར་ཡོང་རྒྱུ་མེད་པ་གསལ་སྟོན་བྱས་པས་སེམས་འཚབ་ཆེན་པོ་འདུག་”ཅེས་བརྗོད་སོང་།

 

རང་བཙན་རྒྱབ་སྐྱོར་བ་གྲོས་ཚོགས་ནང་སླེབས་རྒྱུར་བཀག་འགོག་བྱས་པ་ནི་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། ཁོ་ཚོ་འབྲིང་རིམ་སློབ་གྲྭའི་ནང་བཀག་འགོག་བྱས་པ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་གཞན་ཞིག་རེད། ན་གཞོན་ལས་འགུལ་བ་ཚོས་སློབ་གྲྭའི་ནང་དུ་རང་བཙན་སྐོར་ལ་གྲོས་བསྡུར་བྱེད་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་ཁར། རྒྱ་ནག་ཕྱོགས་གཏོགས་པ་ཁག་ཅིག་གིས་འཛིན་ཁང་ནང་དུ་རྒྱ་ནག་སྐམ་ས་ཆེན་པོའི་ཆབ་སྲིད་པའི་གཏམ་བཤད་གོ་སྒྲིག་བྱེད་རྒྱུ་དང་། རང་བཙན་རྒྱབ་སྐྱོར་དང་ཁྱབ་སྤེལ་བྱེད་མཁན་གྱི་དགེ་རྒན་ཚོར་ཉེས་ཅན་པའི་ཉེས་ཆད་གཏོང་རྒྱུར་ཚ་འདེད་གཏོང་བཞིན་ཡོད་པ་རེད།

གྲོས་ཚོགས་ཀྱི་འོས་བསྡུ་དང་སློབ་གྲྭའི་དུས་ཡུན་གསར་པ་འགོ་འཛུགས་བྱེད་རྒྱུ་གཉིས་ཉིན་ཤས་ནང་དུས་མཉམ་དུ་འཁེལ་རྒྱུ་ཡིན་པས། ལོ་ཆུང་དང་སེམས་ཆུང་བ་ཚོའི་འཐབ་རྩོད་ནི་བྲེལ་འཚུབ་ངང་འགྲོ་བཞིན་ཡོད།

 

_90937937_starrylee
ལྕམ་སེ་ཊི་རི་ལཱི་

“མདུན་བསྐྱོད་མཉམ་དུ་བྱེད་”ཅེས་པ་ནི་རྒྱ་ནག་གི་དགའ་ཕྱོགས་མང་གཙོ་མཐུན་ཕྱོགས་ཡར་རྒྱས་ཚོགས་པའི་ཁྱབ་བསྒྲགས་ཀྱི་འབོད་ཚིགས་ཡིན་པ་རེད། ཚོགས་པའི་འགན་འཛིན་ལྕམ་སེ་ཊི་རི་ལཱི་ཡིས་རྐང་ལམ་གྱི་ཟམ་པ་ནས་འོས་ཤོག་འཕེན་མཁན་ཚོར་མགོ་བོ་བཏུད་ཅིང་འཛུམ་མདངས་སྟོན་གྱི་ཡོད་རེད་དེ། མོས་རང་བཙན་གྱི་སྐད་ཆ་ཤོད་མཁན་གཞོན་སྐྱེས་ཚོར་ཉེན་བརྡ་བཙན་པོ་ཞིག་བཏང་སོང་། “ངས་ངོས་ནས་དྲག་པོ་དང་རྨང་བཅོས་རིང་ལུགས་ཀྱི་ལྟ་བར་འགྱུར་ནས་དཀའ་ངལ་སེལ་ཐུབ་ཀྱི་ཡོད་པ་ཞིག་མཐོང་གི་མི་འདུག ཁྱེད་རང་གིས་བྱས་ན་ཧོང་ཀོང་གི་མི་མང་ཚོས་རང་བཙན་ཆེད་དུ་བློས་གཏོང་ཆེན་པོ་བྱས་ནས་འཐབ་རྩོད་བྱེད་ཀྱི་རེད་དམ། ངས་བྱས་ན་དེ་ལྟར་བྱེད་ཀྱི་མ་རེད། གལ་སྲིད་རང་གི་ཧོང་ཀོང་གི་རང་བཙན་ལ་མདུན་བསྐྱོད་བྱས་ན་སྤྱི་ཚོགས་ལ་དེའི་མཇུག་འབྲས་ཡག་པོ་ཡོང་རྒྱུ མེད་པ་དེ་ཚང་མས་ཤེས་ཀྱི་ཡོད་པར་ཡིད་ཆེས་ཡོད།”ཅེས་བརྗོད་བྱུང་།

ལམ་དུ་འགྲོ་བཞིན་པའི་འོས་འཕེན་མཁན་ཞིག་གིས་མོའི་ཚོགས་པའི་ཆབ་སྲིད་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། རྒྱ་གཞུང་གིས་དྲག་པོའི་ལན་འདེབས་བྱེད་རྒྱུ་ཡིན་ཟེར་བ་དེ་བསྟན་བཤིག་སློང་བ་མིན་པ་ཤེས་ཀྱི་ཡོད་པས། ཉིན་ལྟར་ཧོང་ཀོང་ནས་གནས་གཞན་ལ་འགྲོ་རྒྱུའི་སྐོར་བསམ་བློ་གཏོང་གི་ཡོད་སྐོར་དང་། “གལ་སྲིད་ང་ཚོ་རང་བཙན་འཐབ་རྩོད་ལ་འགྲོ་དགོས་བྱུང་ན། རྒྱ་ནག་དབུས་གཞུང་གིས་རྒྱལ་ཁབ་གཅིག་གི་འོག་ལ་གནས་ཆེད་དུ་ག་རེ་ཡིན་ཡང་བྱེད་ཀྱི་རེད་བསམ་གྱི་འདུག སྐབས་དེར་མཇུག་འབྲས་ཡག་པོ་ཡོང་རྒྱུ་མིན་པ་ཡིད་ཆེས་ཆེན་པོ་ཡོད། ང་ཧོང་ཀོང་ལ་དགའ་མོས་ཆེན་པོ་ཡོད་དེ། ངས་དེ་གནས་སྟངས་སྡུག་ཅག་ཆགས་པའི་ཉེན་ཁ་མཐོང་གི་འདུག”ཅེས་བརྗོད་སོང་།

ཆབ་སྲིད་དཔྱད་བརྗོད་པ་བྷའུ་པུ་ཡིས་མང་ཚོགས་ཀྱི་སེམས་ཚོར་ག་རེ་ཡིན་མིན་ལ་མ་ལྟོས་པར། མདུན་བསྐྱོད་ཀྱི་འགྲུལ་ལམ་ནི་རང་བཙན་མིན་པར་རྒྱ་ནག་སྐམ་ས་ཆེན་མོར་རེ་བཅོལ་ཤུགས་ཆེ་རུ་བྱེད་པ་དེ་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང་། “དངོས་ཡོད་གནས་སྟངས་ལྟར་བྱས་ན། ཧོང་ཀོང་གིས་མང་གཙོའི་རང་དབང་ཅི་འདྲ་ཞིག་ལོངས་སུ་སྤྱོད་ཐུབ་མིན་ཐད་རྒྱ་ནག་པེ་ཅིང་གཞུང་ལ་སྟངས་འཛིན་གྱི་དབང་ཤུགས་ཆ་ཚང་ཡོད་པ་རེད། གཞུང་ལམ་དུ་ལས་འགུལ་བྱེད་མཁན་མི་མང་ཚོར་དེའི་ཐད་དབང་ཚད་ཆུང་ཆུང་ལས་མེད། ཧོང་ཀོང་གི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་སོགས་ཀྱི་གནས་སྟངས་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་མཉམ་དུ་སྦྲེལ་ཡོད་པས། རྒྱ་གཞུང་གི་ཤུགས་རྐྱེན་རང་བཞིན་གྱིས་ཆེ་རུ་འགྲོ་ཡི་ཡོད་པའི་འགྲོས་དེ་མི་སུ་ཞིག་གིས་བསྐྱར་ལོག་རྒྱག་མི་ཐུབ་པ་ཞིག་རེད།”

གྲོས་ཚོགས་ཀྱི་འོས་བསྡུ་སླེབས་ལ་ཉེ་བས། འགྲན་ཞུགས་འོས་མི་ཚོས་མང་ཚོགས་ཀྱི་དོ་སྣང་བྱེད་ཆེད་དུ་འགྲན་བསྡུར་བྱེད་བཞིན་ཡོད་ཀྱང་། འོས་ཤོག་གིས་རྩ་དོན་ལ་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མེད་པ་གསལ་པོ་རེད། ཉི་གདུགས་ཀྱི་ལས་འགུལ་ཆེན་མོའི་འགོ་ཁྲིད་ཚོ་འོས་བསྡུའི་ནང་བཀག་འགོག་བྱས་པར་བརྟེན། མི་ཞིག་གིས་མཇུག་བསྡུས་ལ་ “འདེམས་ཀ་དེ་གསལ་པོ་རེད། ཡུལ་དུས་དང་བསྟུན་པ། ཡུལ་གནས་ནས་གཞན་ལ་འབྲོ་བ། ཡང་ན་ཤི་རྒྱུ་བཅས་གསུམ་རེད་”ཅེས་བཤད་པ་ལྟར། ཧོང་ཀོང་གི་ཁ་འཐོར་གྱི་ཆབ་སྲིད་གནས་སྟངས་དེ་ཉེན་ཁ་ཆེན་པོ་ཞིག་མཐོང་།