ཁམས་སྒར་སྤྲེལ་ལོའི་ཚེས་བཅུ་ལོ་སུམ་བརྒྱ་འཁོར་བ།
༧རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་མཆོག་གིས། ཕྱི་ལོ་ ༡༧༡༦ མེ་སྤྲེལ་ལོར་བསྟན་འགྲོའི་དུས་རིམ་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་བཙུགས་ནས་ལོ་སུམ་བརྒྱ་འཁོར་བའི་དུས་དྲན་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་དེ། ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་ཟབ་རྒྱས་ངང་འཚོགས་སོང་།
དེ་ཡང་ཟླ་༣ ཚེས་༡༢ ནས་༢༣ བར་ ༧རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་དབུ་བཞུགས་ཐོག བྱེས་ཀྱི་ཁམས་པ་སྒར་དང་། བདེ་ཆེན་ཆོས་འཁོར་གླིང་། བྱང་ཆུབ་ལྗོངས། དོན་བརྒྱུད་དགའ་ཚལ་གླིང་། བལ་ཡུལ་ཚོགས་གཉིས་བཙུན་དགོན་བཅས་ནས་ཕེབས་པའི་མཁན་སྤྲུལ་གྲྭ་བཙུན་གྲངས་ལྔ་བརྒྱ་ལ་ཉེ་བ་ཚེས་བཅུའི་སྒྲུབ་མཆོད་ཆེན་མོ་དེའི་ཐོག་ཆེད་དུ་ཕེབས་ཡོད་པ་རེད།
དེ་བཞིན་ཚེས་བཅུ་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བོད་ཚེས་ ༨ ཉིན་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་མཆོག་གདན་ས་ཁམས་པ་སྒར་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དབུ་བཞུགས་ཐོག དགོན་སྡེ་དང་ཚོགས་པ་ཁག་མ་འདྲ་བ་ ༥༠ ཙམ་གྱིས་ ༧རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་དགུང་ལོ་༣༧ གྱི་དགུང་སྐེག་མཚན་མ་མཐའ་དག་སེལ་ཞིང་། སྐུ་ཚེ་ཡུན་དུ་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་ཕུལ་སོང་།
མཛད་སྒོའི་དངོས་གཞིའི་ཉིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཆོག་གི་དབུས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་དང་། རང་གཞུང་དཔལ་ལྡན་ཆོས་རིག་བཀའ་བློན། གཞན་ཡང་ཉེ་སྐོར་གྱི་དགོན་སྡེ་དང་། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། ཧི་མ་ཅལ་མངའ་སྡེ་གཞུང་དང་། ས་གནས་ཁག་གི་དཔོན་རིགས་མཉམ་ཞུགས་ཐོག ༧རྒྱལ་བ་མདོ་ཁམས་དགུ་པས་ཚེས་བཅུའི་ངོ་སྤྲོད་གསུང་བཤད་དང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པའི་གསུང་བཤད། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་སྔ་དྲོའི་མཛད་སྒོ་ཁག་དང་། ཞལ་ལག་རྗེས་སྐུ་མགྲོན་རྣམ་པར་ཚེས་བཅུའི་གར་འཆམ་གཟིགས་འབུལ་ཞུས་སོང་།
ཚེས་ ༡༩ ཉིན་ཧི་མ་ཅལ་བློན་ཆེན་མཆོག་གདན་སར་འདིར་ཆིབས་བསྒྱུར་དང་མཛད་སྒོ་གྲུབ་རྗེས་བཤད་གྲྭ་གསར་པའི་རྨང་གཞི་འདིང་རྒྱུའི་ཞལ་བཞེས་དང་ལས་རིམ་ཆ་ཚང་གྲ་སྒྲིག་ཟིན་ནའང་། བློན་ཆེན་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ཕེབས་སྐབས། ནམ་མཁར་ཆར་རླུང་དྲག་ཏུ་ལྡང་རྐྱེན། པཱ་ལམ་པུར་ལ་འབབ་མ་ཐུབ་པར་ཕྱིར་སིམ་ལར་ལོག་དགོས་བྱུང་ནའང་། བློན་ཆེན་མཆོག་གི་སྐུ་ཚབ་རྐང་རའི་རྫོང་དཔོན་དང་ཧི་མ་ཅལ་གྲོས་ཚོགས་ཀྱི་འཐུས་མི་སོགས་དཔོན་རིགས་མང་པོ་ཕེབས་སོང་།
ཚེས་ ༢༡ ཉིན་པཱ་ལམ་པུར་ཧོ་ལིའི་མཛད་སྒོ་ཐོག་བློན་ཆེན་ཆིབས་བསྒྱུར་བསྐྱངས་བའི་སྐབས་དང་བསྟུན། ཚེས་བཅུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་བྱམས་པ་ཡོན་ཏན་དང་། ལས་སྣེ་རྣམས་ཆེད་བཅར་གྱིས་བཤད་གྲྭའི་རྨང་རྡོ་འདིང་རྒྱུའི་ལས་རིམ་རྣམས་ས་གནས་དེར་སྟབས་བདེ་ཞིག་བྱས་པ་དང་།
ཚེས་ ༢༣ ཉིན་བོད་རིགས་དང་། ཧི་མ་ལའི་རི་རྒྱུད། ཕྱི་རྒྱལ་ཁག་ནས་ཕེབས་པའི་སྐྱ་སེར་མི་མང་ཡོངས་ལ་ ༧རྒྱལ་བ་མདོ་ཁམས་དགུ་པས་དཀོན་མཆོག་སྤྱི་འདུས་ཀྱི་ཆོ་གའི་སྒོ་ནས་ཚེས་བཅུ་སྒྲུབ་མཆོད་ཆེན་མོའི་བཀའ་དབང་བཀའ་དྲིན་བསྩལ་ཏེ་ཁམས་སྒར་སྤྲེལ་ལོའི་ཚེས་བཅུ་ལོ་སུམ་བརྒྱ་འཁོར་བའི་མཛད་སྒོ་མཇུག་ལེགས་པར་གྲུབ་སོང་། །
གསར་འ གོད་པ་ངག་དབང་ཐར་པ།