ཁུ་ནུ་སྟོད་སྨད་ཀྱི་མི་མང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་ཁུ་ནུའི་དད་ལྡན་སེར་སྐྱ་རྣམས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེ་དུས་ཁུ་ནུའི་མི་མང་བརྒྱ་ཕྲག་འགའ་ཤས་ཆེད་དུ་བཞུགས་སྒར་དུ་སླེབས་འདུག
ཕྱི་ཚེས་༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁུ་ནུ་སྟོད་སྨད་ཀྱི་དད་ལྡན་སེར་སྐྱ་མི་མང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁུ་ནུ་ནས་ཕེབས་པའི་སྐྱ་སེར་མི་མང་བརྒྱ་ཕྲག་འགའ་ཤས་སླེབས་འདུག་པ་དང་། བརྟན་བཞུགས་སྐབས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྡ་རམ་ས་ལ་མཚོན་ན་འཛམ་གླིང་གི་ས་ཕྱོགས་གང་སར་ནས་ནང་པའི་ཆོས་ལ་དད་པ་ཡོད་མཁན་མི་མང་མང་པོ་ཞིག་དགའ་སྤྲོའི་ངང་ནས་འདིར་ཕེབས་ནས་ས་ཆ་འདི་ཧ་ཅང་ཡག་པོ་རེད། ང་རང་ལ་ཆ་མཚོན་ན་མདོ་སྨད་ནས་ཡར་ལྷ་སར་སླེབས་ནས་དཔེ་ཆ་གང་འཚམ་བལྟས་པ་རེད། ལྷག་པར་དུ་དགེ་བཤེས་དམ་བཅའ་བཞག་པ་སོགས་བྱས་པ་རེད། ལྷ་སར་སྡོད་པའི་རིང་ཡོངས་འཛིན་རྣམ་པ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དམིགས་བསལ་མཚན་ཉིད་དང་གཞུང་ཆེན་སོགས་བསླབས་ནས་ཧ་ཅང་གིས་ཞིབ་ཚགས་པོ་ཡག་པོ་གནང་ཡོད་ཅེས་དང་། ད་ཆར་དུས་ཀྱི་འགྱུར་བའི་རྐྱེན་གྱིས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། འོན་ཀྱང་། བཙན་བྱོལ་བ་ཆགས་པ་དེ་གོ་སྐབས་བཟང་པོ་ཞིག་རེད་འདུག གནའ་སྔོན་མ་ནང་བཞིན་བསྡད་ཡོད་པ་ཡིན་ན། ལམ་དང་ལུགས་སྲོལ་འདྲ་བྱས་ནས་སྡོད་པ་ལས་དཔེ་ཆ་ལྟ་ཡག་དེ་འདྲ་ཡག་པོ་ཞིག་ཡོང་གི་མ་རེད། ང་རང་སྒེར་ལ་ཆ་མཚོན་ན་གོ་སྐབས་ཧ་ཅང་ཡག་པོ་རེད། གཞིས་ལུས་མི་མང་དང་བྱེས་འབྱོར་བ་ཚོ་ལ་མཚོན་ན་ང་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་སོགས་ཀྱིས་ཧ་ཅང་ཡག་པོ་ཡོད། དེ་རིང་ཁུ་ནུ་མི་མང་དང་དགོན་སྡེ་ཡོངས་ནས་ང་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་ཧ་ཅང་སྐྱོ་བོ་རེད། ཡིན་ན་ཡང་གོ་སྐབས་བཟང་པོ་རེད། ང་ལ་བོད་པ་གཅིག་པུ་མ་ཡིན་པར། ཧི་མ་ལ་ཡའི་མི་རིགས་རྣམས་དང་། ཕྱི་རྒྱལ་ཚོས་དགའ་མོས་ཧ་ཅང་བྱེད་ཀྱི་འདུག ང་ལ་དགའ་པོ་བྱེད་པ་དེ་ངས་ཆོས་བཤད་པ་ལ་བརྟེན་ནས་དགའ་པོ་བྱས་པ་རེད་བསམ་གྱི་མི་འདུག ང་ཚོ་མི་ཞིག་ཡིན་པའི་ཆ་ནས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་གཏིང་རིང་པོའི་སྐད་ཆ་བཤད་མི་དགོས་པ་བྱས་ནས། འཕྲལ་དུ་ངས་མི་ཆོས་གཙང་མ་ཞིག་དང་། མི་དྲང་པོ། ལྷག་བསམ་ཡོད་མཁན་ཞིག གཞན་ལ་རྫུན་མི་བཤད་མཁན་ཞིག ག་ཚོད་ཐུབ་ཐུབ་ཀྱིས་གཞན་ལ་ཕན་སེམས་བྱེད་ཡས། དེ་འདྲ་ཞིག་ཡོང་ཐབས་ལ་ངས་འབད་ཀྱི་ཡོད་པའི་རྐྱེན་གྱིས་ང་ལ་ནང་པ་གཅིག་པུ་མ་ཡིན་པར། ཐ་ན་ཆོས་དད་མེད་མཁན་ཚོས་ཀྱང་ང་ལ་དགའ་མོས་བྱེད་ཀྱི་འདུག ང་ཚོ་མི་ཞིག་ཡིན་པའི་ཆ་ནས་གཞན་ལ་གནོད་པའི་བྱ་སྤྱོད་རིགས་མི་བྱེད་རྒྱུ་དང་། ཕན་ཚུན་མཛའ་བརྩེའི་ཐོག་ནས་མཉམ་གནས་ཐུབ་ན་དེ་ནི་ཧ་ཅང་ཡག་པོ་རེད། ཚེ་གང་དུ་མི་སུ་གཅིག་ལ་ཡང་དགྲ་མི་བཟོ་ན་མི་ཚེ་སྐྱིད་པོ་ཡོང་གི་རེད། ང་རང་སྒེར་ལ་ཆ་མཚོན་ན་མི་མང་པོས་དགའ་པོ་བྱེད་ཀྱི་འདུག་པས། སྤོབས་པ་ཆེན་པོ་ཡོད་ཅེས་གསུངས། དེ་བཞིན་ད་ཆར་འཛམ་གླིང་ནང་ཆོས་དད་མེད་མཁན་གྱི་ལུང་པའི་ནང་དུ་ཡང་ནང་པའི་ཆོས་ལ་དོ་སྣང་ཡོང་བཞིན་འདུག ཁོང་ཚོས་རྒྱུ་མཚན་ཞིག་མཐོང་གི་ཡོད་པའི་རྐྱེན་གྱིས་རེད། རྒྱ་ནག་ལྟ་བུར་མཚོན་ན་ཆོས་ལུགས་ཐོག་དྲག་གནོན་ཧ་ཅང་བྱས་པ་རེད། འོན་ཀྱང་། ད་ཆར་སྔར་ལས་ཆོས་དད་ཇེ་ཆེར་འགྲོ་བཞིན་འདུག རྒྱ་གར་ལྟ་བུར་མཚོན་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་ཁྱད་པར་ཅན་ཞིག་ཡིན་འདུག ང་ཚོ་འདིར་འཛོམས་ནས་བྱང་ཆུབ་སེམས་པའི་སྡོམ་པ་སྲུང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་གནང་སོང་།
དེ་རིང་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཁུ་ནུ་རྒྱ་བུང་རིན་པོ་ཆེ་ནས་གསུངས་དོན་ལ། ལོ་འགའ་ཤས་སྔོན་ནས་ཁུ་ནུའི་མི་མང་ནས་༧གོང་ས་མཆོག་ཁུ་ནུ་ལ་ཕེབས་རྒྱུར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་ཐོབ་ཡོད་ཀྱང་། ཁུ་ནུའི་ཁུལ་གྱི་ཕེབས་ལམ་དང་དོན་རྐྱེན། བཞུགས་གནས་སོགས་ལེགས་པོ་དེ་ཙམ་མེད་པའི་རྐྱེན་གྱིས་དགའ་ལྡན་ཕོ་བྲང་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་བར་གྲོས་བསྡུར་བྱུང་ནས་ཐེངས་འདི་ར༧གོང་ས་མཆོག་ཁུ་ནུ་ལ་ཕེབས་མི་དགོས་པའི་ཐོག་ནས་བཞུགས་སྒར་རང་ལ་བརྟན་བཞུགས་འབུལ་རྒྱུའི་ཐག་ཆོད་བྱུང་ཡོད་པ་བཞིན། དེ་རིང་ཁུ་ནུའི་མི་མང་དང་ཁུ་ནུའི་དགོན་སྡེ་ཁག་བཅས་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་རེད། དེ་ནི་ཧ་ཅང་གི་བསྐལ་བ་བཟང་པོ་རེད། ༧གོང་ས་མཆོག་ནི་བོད་མི་དང་ནང་པ་གཅིག་པུ་ལ་བཀའ་དྲིན་ཆེན་པོ་མ་ཡིན་པར། འཛམ་གླིང་མི་མང་ཡོངས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་པས། ང་ཚོ་ཁུ་ནུའི་མི་མང་ངོས་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཡུན་རིང་བརྟན་ཆེད་དུ་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་ཡག་ཡིན་ཞེས་གསུངས་གནང་སོང་། དེ་རིང་གི་བརྟན་བཞུགས་ཐོག་ཁུ་ནུ་ནས་མི་མང་༢༠༠༠ ཙམ་ཆེད་དུ་བཞུགས་སྒར་ལ་ཕེབས་གནང་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།