ཁེ་ཉེན་ངོ་ཤེས་ཐུབ་པ་ཞིག་བཟོ་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༡༤   ཕྱི་ལོ་ ༢༠༡༦/༩/༢༨

བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་རྒྱ་གར་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཀུན་ཏུ་ཡུལ་ལུང་སོ་སོའི་མི་སེར་གྱི་ལག་ཁྱེར་རག་ཐུབ་པར་འབད་བརྩོན་མང་པོ་བྱེད་བཞིན་ཡོད་པ་དང་། མི་སེར་གྱི་ལག་ཁྱེར་རག་ཟིན་པ་དག་གི་ངོས་ནས་ཀྱང་སྤོབས་པ་དང་གཟི་བརྗིད་ཁོ་ན་རུ་བརྩི་ཞིང་། དེ་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་ལྟ་སྟངས་བཟང་ཕྱོགས་ཁོ་ན་ལས་དེ་ལ་འོས་མིན་གྱི་བསམ་བློ་ཡོད་མཁན་ཞིག་ཕལ་ཆེར་མེད་ཅེས་བརྗོད་ཀྱང་མི་ཆོག་པ་ཞིག་གཏན་ནས་མིན། འོན་ཀྱང་རྒྱ་གར་ནང་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་རྒྱ་གར་མི་སེར་གྱི་ཐོབ་ཐང་བླངས་ན་འགྲིག་མིན་གྱི་ལྟ་ཚུལ་མང་པོ་བྱུང་ཡོད། ཕྱི་ལོ་༡༩༥༠ ལོའི་ཟླ་༡ ཚེས་༢༦ ཉིན་ནས་༡༩༨༧ ལོའི་ཟླ་༧ པའི་ཚེས་༡ བར་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་ཕྱིན་ཆད་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་ཆོག་པ་ཁྲིམས་ཐོག་ཏུ་གསལ་ཡོད་པ་མ་ཟད། ད་བར་རྒྱ་གར་མི་སེར་གྱི་ཐོབ་ཐང་དགོས་ཞེས་ཁྲིམས་ཁང་དུ་ཡོངས་ཁྱབ་ཞུ་གཏུག་བྱེད་མཁན་བོད་མི་ལྔ་ཡོད་པ་ཚང་མར་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་པའི་གནས་ཚུལ་བྱུང་ཡོད་པ་རེད།

སྤྱིར་རྒྱ་གར་དུ་གནས་སྡོད་བྱེད་མཁན་བོད་མིའི་ནང་ནས་མི་སེར་གྱི་ལག་ཁྱེར་ལེན་པར་བསམ་ཚུལ་འདྲ་མིན་ཡོད་པར་རྒྱུ་མཚན་ཆེན་པོ་ཡོད་ཅིང་། རྒྱ་གར་ནི་བཙན་བྱོལ་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག ཆོས་དང་རིག་གནས་ཀྱི་ལྟེ་གནས་སུ་གྱུར་པའི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་སོགས་ཕལ་ཆེ་བ་རྒྱ་གར་དུ་ཡོད་སྟབས་རྒྱ་གར་དུ་གནས་སྡོད་བྱེད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ནི་གཞན་དང་བསྡུར་ཐབས་མེད་པར་བོད་པའི་ཆབ་སྲིད་དང་། ཆོས་དང་རིག་གནས་རྒྱུད་འཛིན་སོགས་གང་ཐད་ནས་གལ་གནད་ཆེ་ཤོས་སུ་བརྩི་བཞིན་ཡོད་སྟབས། རྒྱ་གར་དུ་བོད་མི་རྣམས་ཀྱིས་སྐྱབས་བཅོལ་བའི་ཐོབ་ཐང་བཞག་ནས་མི་སེར་གྱི་ཐོབ་ཐང་བླངས་ན་འཕྲལ་ཕུགས་གང་ཐད་ནས་བསམ་བློ་གཏོང་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན་གོང་གསལ་བཞིན་ཆ་རྐྱེན་ཚང་བའི་བོད་མི་རྣམས་ཀྱིས་རྒྱ་གར་མི་སེར་གྱི་ཐོབ་ཐང་ལེན་ཆོག་ནའང་། ཚང་མས་དེ་ལྟར་ལེན་རྐྱང་མི་བྱེད་པའི་གནད་དོན་གཙོ་བོ་ཡང་དེ་ལ་ཐུག་ཡོད།

རྩ་བས་ཁྲིམས་ཐོག་ནས་ཕྱི་ལོ་༡༩༥༠ ནས་༡༩༨༧ བར་རྒྱ་གར་དུ་སྐྱེས་མཁན་ཚང་མར་རྒྱ་གར་གྱི་མི་སེར་བཟོ་བའི་ཐོབ་ཐང་ཡོད་ནའང་། རྒྱ་གར་གཞུང་གི་ངོས་ནས་ཞུས་ཚད་ལ་སྤྲད་མེད་པ་དང་། ཞུ་མཁན་སོ་སོས་ཁྲིམས་གཏུག་བྱས་ཏེ་ཁྲིམས་ཁང་ནས་ཐག་གཅོད་ཀྱིས་མི་སེར་གྱི་ཐོབ་ཐང་མི་སྤྲོད་ཀ་མེད་དུ་གྱུར་ཡོད། དེ་བཞིན་མངོན་གསལ་མ་ཡིན་པའི་ཐོག་ནས་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་དང་ངོ་ཤེས་འབྲེལ་ཡོད་སོགས་བརྒྱུད་ཕྱི་བསྐྱོད་ལག་ཁྱེར་བཟོས་ཟིན་པའི་བོད་མི་ཡང་མང་པོ་ཞིག་ཡོད་པ་དང་། རྒྱ་གར་གཞུང་གིས་ལག་ཁྱེར་ཞུས་ཚད་ལ་ཐད་ཀར་མི་གནང་བའི་རྒྱུ་མཚན་གཙོ་བོ་ཡང་། བོད་པ་རྣམས་སྐྱབས་བཅོལ་གྱི་ངོ་བོར་གནས་ནས་མུ་མཐུད་རྒྱ་དམར་གཞུང་ལ་ཁ་གཏད་ཀྱི་ལས་འགུལ་མང་པོ་སྤེལ་ན། རྒྱ་གར་གཞུང་གི་ལྟ་སྟངས་ངོ་མར་བཙན་བྱོལ་བོད་མི་རྣམས་ལ་རིན་ཐང་དམིགས་བསལ་ཞིག་ཡོད་པ་དང་། སྐབས་རེ་རྒྱ་དཀར་ནག་གི་ཆབ་སྲིད་ཀྱི་འབྲེལ་བའི་ནང་སྐྱབས་བཅོལ་བོད་མི་དང་། བོད་མིའི་སྒྲིག་འཛུགས་ནི་ཕྱོགས་གང་ཐད་ནས་བེད་སྤྱོད་བཏང་ཡང་རྒྱ་གར་གཞུང་ལ་རིན་ཐང་ཅན་ཞིག་ཏུ་གྱུར་ཡོད།

རྒྱ་གར་དུ་གནས་སྡོད་སྐྱབས་བཅོལ་བོད་མི་རྒྱ་གར་གྱི་མི་སེར་བཟོ་བའི་ཐོབ་ཐང་ཁྲིམས་ཐོག་ཏུ་ཡོད་མཁན་ཆ་ཚང་གིས་རྒྱ་གར་གྱི་མི་སེར་བཟོས་ན། བོད་མི་དེ་དག་གི་རིན་ཐང་ཡང་རྒྱ་གར་གཞུང་ལ་མཚོན་ན་ཡུལ་མི་སྤྱི་མཚུངས་ལས་དམིགས་བསལ་གང་ཡང་མེད། དེར་བརྟེན་རྒྱ་གར་ནང་སྲིད་ལས་ཁུངས་ནས་དེའི་ཐོག་ནས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་ལ་བརྟེན་ནས་བྱུང་ཡོད་སྙམ། བོད་པ་ལ་ཆ་མཚོན་ནའང་རྒྱ་གར་མི་སེར་གྱི་ལག་ཁྱེར་ལེན་པར་དམིགས་ཡུལ་གཅིག་མཚུངས་མིན་ལ། མང་པོ་ཞིག་གིས་ཕྱི་བསྐྱོད་ལག་ཁྱེར་ཙམ་ལ་དམིགས་ཡོད་པ་དང་། ཕྱི་རྒྱལ་ཁག་ཏུ་བསྐྱོད་སྐབས་རྒྱ་གར་གཞུང་གིས་སྐྱབས་བཅོལ་བ་རྣམས་ལ་གནང་བའི་ཕྱི་བསྐྱོད་ལག་ཁྱེར་དེབ་སེར་པོ་ལ་གནམ་ཐང་མང་པོ་རུ་མཐོང་ཆུང་བྱེད་མཁན་མང་བ་མ་ཟད། གནམ་ཐང་གི་ལས་བྱེད་མང་པོས་དེབ་སེར་པོ་དེ་ངོ་སྤྲོད་ཙམ་ལས་ཕྱི་བསྐྱོད་ལག་ཁྱེར་ཞིག་ཡིན་མིན་མི་ཤེས་མཁན་ཡང་མང་པོ་ཡོད། དེར་བརྟེན་ཕྱི་རྒྱལ་ཁག་ལ་བསྐྱོད་སྐབས་སྟབས་བདེ་ཡོང་ཆེད་རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་བཟོ་རྒྱུའི་བསམ་བློ་གཏོང་མཁན་མང་པོ་ཡོད།

དེ་བཞིན་ལས་ཀའི་གོ་སྐབས་སོགས་ལ་བསམ་བློ་གཏོང་མཁན་ཡང་མང་པོ་ཡོད་ངེས་རེད། མདོར་ན་རྒྱ་གར་དུ་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཚོན་ན་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་འཕྲལ་ཕུགས་གང་ཐད་ནས་རྒྱ་གར་མི་སེར་གྱི་ཐོབ་ཐང་ལེན་པ་དང་། སྐྱབས་བཅོལ་བའི་ངོ་བོར་མུ་མཐུད་དུ་གནས་སྡོད་བྱས་པ་གཉིས་ལ་ཕན་གནོད་གང་ཆེ་བ་དེ་དག་གསལ་པོ་ཞིག་ཤེས་རྟོགས་ཡོང་བར་བོད་མིའི་སྒྲིག་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་དང་འབྲེལ། མི་མང་ལ་འཕྲལ་ཕུགས་གཉིས་ཐོག་ནས་ཕན་གནོད་གང་ཡོད་གོ་བསྐོན་སློབ་གསོ་ཞིག་ངེས་པར་དུ་གནང་རྒྱུའི་དུས་ལ་བབ་འདུག རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་གཏན་འབེབས་ཡོད་པ་ཞིག་བོད་མིའི་སྒྲིག་འཛུགས་ཀྱིས་བཀག་ཐུབ་པ་ཞིག་མིན་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མི་སེར་གྱི་ཐོབ་ཐང་ལེན་གང་ཐུབ་བྱེད་བཞིན་ཡོད་སྟབས་རྒྱ་གར་དུ་གནས་སྡོད་བོད་མི་རྣམས་ལ་མི་སེར་གྱི་ཐོབ་ཐང་ལེན་རྒྱུ་འགོག་ཐབས་བྱེད་མི་འོས་ཀྱང་། ཕུགས་ལ་ཕན་གནོད་ག་རེ་ཡོད་མེད་གསལ་རྟོགས་ཡོང་ཆེད་གོ་བསྐོན་གསེད་བཀྲོལ་ངེས་པར་དུ་དགོས་པ་ཞིག་ཏུ་གྱུར་ཡོད།།