ཁེ་ན་ཌ་གཞུང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་བསྒྲགས་གཏམ་ཞིག་སྤེལ་འདུག
རྒྱ་གཞུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་ཚོགས་མི་ཉི་ཤུ་ལ་ཆབ་སྲིད་ཉེས་ཆད་བཀལ་བར། ཁེ་ན་ཌ་གཞུང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལན་འདེབས་གནང་འདུག
ཉེ་ཆར་རྒྱ་གཞུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་། ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པའི་ཚོགས་མི་ཉི་ཤུ་ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པར་བརྟེན། ཟླ་འདིའི་ཚེས་༢༤ ཉིན། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཞུང་འབྲེལ་དྲྭ་ཚིགས་ཐོག ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པའི་ཚོགས་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ཁོང་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐད་ཆ་བཤད་པར་བརྟེན། རྒྱ་གཞུང་གིས་ཁོང་རྣམས་ལ་སྲིད་དོན་ཉེས་ཆད་བཅད་པར་སྐྱོན་བརྗོད་བྱས་ཡོད་འདུག
ཁེ་ན་ཌ་གཞུང་གིས་རྒྱལ་ནང་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དང་། ཡང་ན་ཁོང་ཚོའི་བསམ་ཚུལ་རྣམས་འགོག་ཆེད། ཁོང་ཚོ་དང་ཁོང་ཚོའི་གྲོགས་པོ་དང་ནང་མི་ལ་འཇིགས་སྐུལ་དང་དྲག་སྤྱོད། སུན་གཙེར་བཅས་ཀྱི་ལས་གང་ཞིག་བརྩམས་རུང་། དེར་བཟོད་བསྒོམ་བྱེད་རྒྱུ་མིན་ཞེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཆེད་ལས་མི་སྣ་དང་ཚོགས་སྡེ་ཁག་གིས། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བརྗོད་པའི་ཐོག་རྒྱ་གཞུང་གིས་དོན་འབྲས་ལྡན་པའི་ལན་འདེབས་བྱེད་དགོས་པ་དང་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་འགན་འཁུར་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག།
དེ་བཞིན་རྒྱ་ནག་ཏུ་ས་གནས་ཀྱི་ཁྲིམས་ལུགས་རྣམས་རང་སྣང་གང་དྲན་གྱིས་ལག་བསྟར་བྱེད་པའི་ཉེན་ཁ་ཡོད་པས་རྒྱ་ནག་ཏུ་གནས་སྡོད་བྱེད་མཁན་ཁེ་ན་ཌའི་མི་སེར་ཚོས་དོགས་ཟོན་ཆེན་པོ་བྱེད་དགོས་པ་དང་། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ངོས་ནས་རྒྱ་ནག་ནང་སྲིད་དོན་ཉེས་ཆད་ཀྱི་གནོད་འཚེ་ཕོག་མཁན་ཁེ་ན་ཌའི་མི་སེར་རྣམས་ལ་རོགས་རམ་བྱེད་རྒྱུའི་གྲ་སྒྲིག་ཡོད་སོགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག
གཞན་ཡང་རྒྱ་གཞུང་གིས་ཚོགས་པ་གཉིས་ཀྱི་ཚོགས་མི་༢༠ ལ་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་སྤེལ་བ་དང་འབྲེལ། ཟླ་འདིའི་ཚེས་༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། གསལ་བསྒྲགས་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་། ཁེ་ན་ཌ་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་ཚོགས་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པ་རྣམས་ཐེར་འདོན་གནང་རྒྱུའི་ཁྱེད་རྣམ་པའི་བློ་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
རྒྱ་ནག་དམར་གཞུང་གིས་ཚོགས་སྡེ་དང་། མི་སྒེར་བཅས་ལ་དེ་འདྲའི་སྲིད་དོན་ཉེས་ཆད་བཀལ་བར་འདི་ནས་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་མ་ཟད། རྒྱ་ནག་དམར་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་རྣམས་ལ་དེ་འདྲའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་རྒྱུ་ངེས་པར་དུ་མཚམས་འཇོག་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན་ཞེས་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།