ཁེ་ན་ཌའི་གནས་སྤོ་བ་རྩེ་ཕུད་༢༥ ཡི་ནང་དུ་དཀར་པོ་ཆེ་བུ་ཁྲིད་ཚུད་འདུག 

ཟླ་༥ པའི་ཚེས་༤ ཉིན་ཕྱི་ལོ་༢༠༢༢ ལོའི་ཁེ་ན་ཌའི་གནས་སྤོ་བ་རྩེ་ཕུད་༢༥ ཡི་བྱ་དགའ་ཐོབ་མཁན་རྣམས་ཀྱི་མིང་གཞུང་གསལ་བསྒྲགས་བྱས་འདུག་པ་དང་། དེའི་ནང་དུ་ཁེ་ན་ཌའི་ཨོན་ཀྲེ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་མི་བུ་ཁྲིད་དཀར་པོ་ཆེ་བུ་ཁྲིད་ཚུད་འདུག 

བྱ་དགའ་ཐོབ་མཁན་ཁོངས་སུ་གློག་བརྙན་འཁྲབ་སྟོན་པ་དང་རྒྱལ་ཁབ་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ། དབུས་གཞུང་གི་བློན་ཆེན། སྙན་གྲགས་ཅན་གྱི་མ་བྱན་ཆེན་མོ། ཚོང་པ་སོགས་མང་པོ་ཡོད་པ་རེད་འདུག དེ་ཡང་འདི་ལོར་འོས་མི་༧༥ ཡི་ཁོངས་ནས་རྩེ་ཕུད་༢༥ འདེམས་སྒྲུག་བྱས་པ་ཞིག་རེད་འདུག 

དཀར་པོ་ཆེ་བུ་ཁྲིད་ཀྱིས་ངོ་དེབ་ཐོག་ཏུ། ཕྱི་ལོ་༢༠༢༢ ལོའི་ཁེ་ན་ཌའི་གནས་སྤོ་བ་རྩེ་ཕུད་༢༥ ནང་དུ་ཚུད་པར་དགའ་སྤོབས་ཡོད་པ་དང་། འདིས་རང་ཉིད་སེམས་ཚོར་དྲག་པོ་སྐྱེས་སོང་། གང་ཡིན་ཟེར་ན་སྔར་རང་ཉིད་ཁེ་ན་ཌར་གསར་དུ་འབྱོར་སྐབས། རླངས་འཁོར་འབབ་ཚུགས་སུ་རང་ཉིད་གང་དུ་འགྲོ་དགོས་མིན་དང་མི་ཚེའི་ནང་དུ་ག་རེ་བྱེད་དགོས་མིན་ཤེས་ཀྱི་མེད་པའི་དུས་སྐབས་རྣམས་དྲན་གྱི་འདུག རང་ཉིད་ཁེ་ན་ཌར་གནས་སྤོ་བྱེད་མཁན་མི་རབས་དང་པོ་ཡིན་པར་སྤོབས་པ་ཡོད་ཅེས་བྲིས་འདུག 

དཀར་པོ་ཆེ་བུ་ཁྲིད་ནི་བལ་ཡུལ་དུ་སྐྱེས་པ་དང་། རྒྱ་གར་ནས་གཞི་རིམ་སློབ་སྦྱོང་བྱས་རྗེས། ཕྱི་ལོ་༢༠༠༢ ལོར་ཁེ་ན་ཌར་གནས་སྤོས་བྱས་ཡོད་པ་དང་། དེ་གར་སློབ་སྦྱོང་མུ་མཐུད་བྱས་ཏེ་སྤྱི་དམངས་འཕྲོད་བསྟེན་སྲིད་བྱུས་ཐོག་སློབ་གཉེར་བྱས་ཡོད་འདུག ཁོང་གིས་སྐབས་༤ རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་བྱེད་མྱོང་མཁན་ཆཱེ་རི་ཌེ་ནོ་ཝོའི་ལས་ཁུངས་སུ་ལོ་བརྒྱད་ལས་ཀ་བྱས་ཡོད་འདུག་པ་དང་། རྗེས་སུ་ལས་ཁུངས་དེའི་ལས་བྱེད་མཐོ་ཤོས་ཆགས་ཡོད་པ་རེད།

ཕྱི་ལོ་༢༠༡༧ ལོའི་ཟླ་༩ པའི་ནང་ཁེ་ན་ཌའི་མང་གཙོ་ཚོགས་པ་གསར་པ་ཞེས་པའི་སྲིད་དོན་ཚོགས་པས། ཕྱི་ལོ་༢༠༡༨ ལོའི་ཨོན་ཌེ་རོའི་མངའ་སྡེའི་གྲོས་ཚོགས་འོས་བསྡུར། པག་ཌེལ་དང་ཧེ་པག་ས་གནས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མི་ཁོངས་སུ་ཁོང་བསྐོ་གཞག་བྱས་ནས་འོས་འགྲན་ནང་བཞུགས་ཡོད་པ་དང་། གྲུབ་དོན་དུ་ཁོང་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ནས་རྒྱལ་ཁ་ཐོབ་ཡོད་པས། བཙན་བྱོལ་ནང་དུ་བོད་མི་ཞིག་ལ་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་མཁན་དང་པོ་ཆགས་ནས། བོད་མི་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད། 

དེ་རྗེས་ཕྱི་ལོ་༢༠༢༢ ལོའི་ཟླ་༦ པའི་ཚེས་༢ ཉིན་ཁེ་ན་ཌའི་མངའ་སྡེ་ཨོན་ཀྲེ་རོའི་གྲོས་ཚོགས་འོས་བསྡུ་བྱས་ཡོད་འདུག་པ་དང་། གྲུབ་དོན་དུ་དཀར་པོ་ཆེ་བུ་ཁྲིད་བསྐྱར་དུ་འདེམས་ཐོན་བྱུང་བ་མ་ཟད། ཐེངས་འདིར་ཁོང་གི་འོས་གྲངས་ཀྱི་བརྒྱ་ཆ་༥༣.༣ ཐོབ་ཡོད་འདུག་པས། ཚད་མཐོའི་རྒྱབ་སྐྱོར་ཐོབ་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།