ཁེ་ན་ཌའི་གྲོས་ཚོགས་འོག་མའི་རྒྱུན་ལས་ཚོགས་ཆུང་ནང་བོད་རྒྱའི་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག

ཟླ་འདིའི་ཚེས་ ༥ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཏྲ་ཝར་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་ནང་བོད་དོན་ཉན་ཞིབ་འཚོགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་ནང་གི་ཛ་དྲག་དཀའ་ངལ་དང་། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་པའི་སྐོར་གསུང་བཤད་གནང་བ་དང་། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་ངོས་ནས་བོད་རྒྱའི་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་བཞག་འདུག

ཉན་ཞིབ་སྐབས་སྲིད་སྐྱོང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་སྐོར་འཁྱོག་བཤད་བྱས་དང་བྱེད་བཞིན་ཡོད་སྟབས། ནུབ་ཕྱོགས་པ་ཚོས་བོད་ཀྱི་ལོ་རྒྱུས་སྐོར་ངེས་པར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་སྐོར་གྲོས་ཆོད་དང་། རྒྱ་ནག་ལ་དཔལ་འབྱོར་དམ་དྲག་བཀའ་ཆད་གཅོད་དགོས་པའི་སྐོར་གསུངས་འདུག

སྲིད་སྐྱོང་གིས་རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་གི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཆགས་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་ཐོག་ཧ་ཅང་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཧ་ཅང་ཉམས་རྒུད་ཕྱིན་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ཀྱི་སྐད་ཡིག་གི་རང་དབང་ཧ་ཅང་ཉག་ཕྲ་བ་ཞིག་ཏུ་གྱུར་ཡོད། སློབ་གྲྭ་དང་སློབ་གཉེར་བསྟི་གནས་ཁང་སོགས་ཀྱི་ནང་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་རྒྱུའི་ཚབ་ཏུ་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དུ་འཇུག་གི་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་གིས། བོད་མིའི་སྒྲིག་འཛུགས་ནས་ད་བར་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་གི་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ཡ་ལན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་རྒྱ་གྲོས་མོལ་མགྱོགས་མྱུར་ཡོང་རྒྱུའི་རེ་བ་དེ་ཙམ་མེད་པར་བརྟེན། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་ངོས་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་སྤྱི་མོས་ཐོག་གྲོས་ཆོད་ཅིག་འཇོག་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།

སྲིད་སྐྱོང་དང་ལྷན་དུ་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་བཅར་ཡོད་པས། ཁོང་གིས་པཎ་ཆེན་སྐུ་ཕྲེང་༡༡ པ་དགུང་ལོ་༦ ཐོག་ནས་རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ། འཛམ་གླིང་གི་བཙོན་པ་ཆུང་ཤོས་དེ་ཆགས་པ་དང་། ལོ་༢༧ རྗེས་སུ་ད་དུང་ཡང་གར་ཡོད་ཙམ་གྱི་གནས་སྟངས་ཀྱང་ཤེས་ཀྱི་མེད་པས།  ཁེ་ན་ཌའི་གྲོས་ཚོགས་དང་སྲིད་གཞུང་ལ་རྒྱབ་སྐྱོར་དགོས་པའི་རེ་འདུན་དོན་ཚན་ལྔ་བཏོན་ཡོད་པ་གཤམ་གསལ།

༡། ཁེ་ན་ཌའི་སྲིད་གཞུང་ནས་མི་ལོ་༢༧ རིང་གར་སོང་ཆ་མེད་དུ་གྱུར་པའི་བོད་ཀྱི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཛ་དྲག་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་རྒྱ་ནག་ཏུ་ཁེ་ན་ཌའི་གཞུང་ཚབ་མི་སྣའི་པཎ་ཆེན་རིན་པོ་ཆེ་མཆོག་དང་དངོས་སུ་མཇལ་འཕྲད་ཐུབ་ཐབས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐབས་ཡོང་བ་ཞུ་རྒྱུ།

༢། ཁེ་ན་ཌའི་སྲིད་གཞུང་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་དགུང་ལོ་ ༦ ནས་ད་བར་མི་ལོ་ ༢༧ རིང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། བྱིས་པའི་ཐོབ་ཐང་སོགས་མདོར་ན་འགྲོ་འདུག་སྤྱོད་གསུམ་ཐོག་གཞི་རྩའི་འགྲོ་བ་མི་རིགས་ཀྱི་ཐོབ་ཐང་རྩ་བ་ནས་མེད་པའི་ངོ་བཞེས་ཀྱི་མཚོན་རྟགས་གཟེངས་རྟགས་རིགས་འབུལ་ཐབས་ཡོང་བ་ཞུ་རྒྱུ་ཡིན།

༣། ཁེ་ན་ཌའི་གྲོས་ཚོགས་སུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་ཡོང་ཐབས་སུ་ཆེ་མཐོང་རྒྱབ་སྐྱོར་མཚོན་ཕྱིར་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ལས་འགུལ་ཞིག་སྤེལ་གནང་ཡོང་བ་ཞུ་རྒྱུ་ཡིན།

༤། མི་ལོ་༢༧ རིང་གར་སོང་ཆ་མེད་དུ་གྱུར་པའི་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་དབུ་འཛིན་བྱ་བྲལ་རིན་པོ་མཆོག་གིས་དབུས་བོད་ནང་གང་བྱུང་དུ་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དང་། བོད་ནང་གི་གནས་སྟངས་ད་དུང་ཡང་ཛ་དྲག་ཡིན་པས་ད་བར་བོད་མི་༡༥༧ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱི་ཐབས་ལམ་བརྟེན་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད། དཔེར་ན་གནས་ཚུལ་གསར་ཤོས་སུ་འདི་ལོའི་ཕྱི་ཟླ་༢ ཚེས་༢༥ ཉིན་རང་ལོ་༢༥ ཡིན་པའི་བོད་ཀྱི་ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་དང་འདི་ལོའི་ཕྱི་ཟླ་༣ ཚེས་༢༧ ཉིན་རང་ལོ་༨༡ ལ་ཕེབས་པའི་བཀྲ་ཕུན་ལགས་རྣམ་གཉིས་ཀྱིས་བོད་ནང་རང་ལུས་མེར་སྲེག་བྱས་ཡོད། ཁོང་ཚོས་རང་གི་གཅེས་པའི་ཚེ་སྲོག་བློས་བཏང་ནས་བོད་ནང་གི་དངོས་ཡོད་དཀའ་ངལ་སེལ་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་མི་མང་སར་སྐད་འབོད་བྱེད་བཞིན་ཡོད་པས་ཁེ་ན་ཌའི་གཞུང་ཕྱོགས་ནས་བོད་ནང་གི་དངོས་ཡོད་དཀའ་ངལ་ཁག་མྱུར་དུ་སེལ་ཐབས་སུ་སྔར་བས་རྒྱབ་སྐྱོར་ཤུགས་ཆེ་གནང་རོགས་ཞུ་རྒྱུ་ཡིན།

༥། བོད་མི་མང་གི་མངོན་འདོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མྱུར་དུ་བོད་ནང་ཕེབས་ཐུབ་ཐབས་དང་། ཁོང་གི་དགོངས་གཞིར་ཡོད་པའི་གཉིས་སྨན་དབུ་མའི་ལམ་གྱི་བོད་དོན་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།

མཇུག་ཏུ་གཟིག་རྒྱབ་རིན་པོ་ཆེས། ཁེ་ན་ཌའི་གཞུང་ཕྱོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཞུ་རྒྱུ་དང་། མ་ཟད་གོང་དུ་ངས་སྙན་སེང་ཞུས་པའི་དོན་ཚན་རྣམས་དད་ལྡན་སྐྱེ་བོ་ས་ཡ་མང་པོའི་སེམས་ཁམས་དང་འབྲེལ་བའི་མང་གཙོའི་ཐོབ་ཐང་གིས་གཙོས་རེ་འདུན་ཞེ་གཅིག་ཡིན་པས། ཁེ་ན་ཌའི་གཞུང་ཕྱོགས་ནས་བོད་ནང་གི་དངོས་ཡོད་ཛ་དྲག་དཀའ་ངལ་སེལ་ཐབས་སུ་རྒྱབ་སྐྱོར་སྔར་ལས་ལྷག་ཤུགས་ཆེ་གནང་རྒྱུ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།