ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལ་དབྱིན་ཇིའི་རྒྱལ་པོའི་གཟེངས་རྟགས་ཐོབ་ཡོད་འདུག

གཟེངས་རྟགས་འབུལ་སྐབས་ཕ་ཡུལ་གསར་ཁང་གི་པར།

དབྱིན་ཇིའི་རྒྱལ་པོ་(Charles III )ཡི་གཟེངས་རྟགས་དེ་ནི་དབྱིན་ཇིའི་རྒྱལ་པོའི་གཟེངས་རྟགས་མཐོ་ཤོས་དེ་ཡིན་འདུག་ཅིང་། གཟེངས་རྟགས་དེ་དབྱིན་ཇིའི་ནང་ཡོད་པའི་དམག་དཔོན་བྱས་རྗེས་ཅན་དང་། འགོ་ཁྲིད། མི་མང་། དེ་བཞིན་གོད་ཆག་རིགས་འབྱུང་སྐབས་མདུན་དུ་ཐོན་ནས་མི་སྲོག་སྐྱོབ་མཁན་སོགས་ཀྱི་བྱས་རྗེས་ཡོད་མཁན་ཚོ་ལ་གནང་སྲོལ་ཡོད་འདུག དེ་བཞིན་གཟེངས་རྟགས་དེ་ཨོ་སི་ཊོ་ལི་ཡ། ནེའུ་ཛི་ལན་ཌི། ཁེ་ན་ཌ་བཅས་ཀྱི་རྒྱལ་ཁབ་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ལ་ཡང་གནང་གི་ཡོད་འདུག་པར་བརྟེན། འདི་ལོ་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལ་གཟེངས་རྟགས་དེ་གནང་ཡོད་འདུག

ཕྱི་ཚེས་༣༠ ཉིན་བུ་ཁྲིད་དཀར་པོ་ཆེའི་ལས་བྱེད་བསྟན་འཛིན་འཆི་མེད་ཀྱིས་ཕ་ཡུལ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ཕྱི་ཚེས་༢༨  ཉིན་འདི་ལོའི་དབྱིན་ཇིའི་རྒྱལ་པོ་(Charles III )ཡི་གཟེངས་རྟགས་མཐོ་ཤོས་(Coronation Medals)ཟེར་བ་དེ་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལ་གནང་ཡོད་འདུག་པ་དང་།   གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཁེ་ན་ཌའི་(Parkdale-High Park)་དུ་འཚོགས་ཡོད་འདུག་ཅིང་། སྐབས་དེ་དུས་བུ་ཁྲིད་དཀར་པོ་ཆེས་དབྱིན་ཇིའི་རྒྱལ་པོའི་གཟེངས་རྟགས་དེ་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལ་གནང་ཡོད་འདུག ཁོང་ལ་གཟེངས་རྟགས་དེ་གནང་དགོས་དོན་ནི་འདས་པའི་དུས་ཡུན་ནང་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་བརྒྱུད་ནས་ཁེ་ན་ཌས་བོད་ཐོག་འཛིན་པའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ཕྱག་ལས་གཟེངས་སུ་ཐོན་པ་གནང་ཡོད་པའི་རྐྱེན་གྱིས་གཟེངས་རྟགས་དེ་གནང་བ་ཞིག་ཡིན་འདུག 

གཟེངས་རྟགས་དེ་ཕྱི་ལོ་༢༠༢༣ ཟླ་བ་༥ ཚེ་ ༦ ཉིན་དབྱིན་ཇིའི་རྒྱལ་པོ་ཁྲི་འདོན་མཛད་པའི་ཉིན་མོར་གསར་བཟོ་བྱས་ཡོད་འདུག་པ་དང་། གཟེངས་རྟགས་དེ་བཞིན་རྒྱལ་ཁབ་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཚོ་ལ་གནང་རྒྱུ་ཡིན་པ་བཞིན། ཉེ་ཆར་ཁེ་ན་ཌའི་གཞུང་གི་ངོས་ནས་ཁེ་ན་ཌའི་ནང་ཡོད་པའི་མི་སྒེར་༣༠༠༠༠ ཙམ་ལ་གཟེངས་རྟགས་དེ་གནང་རྒྱུའི་གཏན་འབེབས་བྱས་ཡོད་འདུག ཕྱི་ཚེས་༢༨ ཉིན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཁེ་ན་ཌའི་(Parkdale-High Park)་ལ་འཚོགས་དུས་ས་ཁུལ་དེའི་ནང་དུ་ཡོད་པའི་མི་ལྔ་ལ་རག་ཡོད་པ་དང་། དེའི་ནང་གཅིག་ནི་ཤེས་རབ་མཐར་ཕྱིན་ཁོང་ཡིན་འདུག་ཅིང་། དེ་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་ལས་བྱེད་ཁོང་དང་། ཁོང་གི་ལས་རོགས་གཡུང་དྲུང་བསྟན་འཛིན། དེ་བཞིན་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷ་ལུང་བསམ་འཕེལ་བཅས་ལ་དཔལ་འབྱོར་ཉེས་ཆད་བཅད་པ་སོགས་ལ་དམིགས་བསལ་གདུང་སེམས་མཉམ་བསྐྱེད་ཆེད་དུ་གནང་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།