ཁེ་ན་ཌའི་མི་མང་ཚོས་མཚན་རྟགས་བསྡུ་རུབ་ཀྱིས་ཨེ་ལོན་མ་སི་ཁིའི་ཁེ་ན་ཌའི་མི་སེར་ལག་འཁྱེར་ཕྱིར་བསྡུ་བྱེད་དགོས་པར་བརྗོད།

བྷི་བྷི་སི་གསར་ཁང་གི་པར།

ཨ་རི་དང་ཁེ་ན་ཌའི་བར་གྱི་འབྲེལ་ལམ་ཞན་དུ་འགྲོ་བཞིན་པའི་དུས་སུ། འཛམ་གླིང་གི་ཕྱུག་བདག་དང་སྲིད་འཛིན་ཊོམ་གྱི་རྒྱབ་སྐྱོར་བ་ཨེ་ལོན་མ་སི་ཁིས་ཁེ་ན་ཌའི་ཁེ་ཕན་ལ་གནོད་པའི་ལས་ཀ་བྱེད་བཞིན་ཡོད་པར་བརྗོད་ནས། ཁེ་ན་ཌའི་མི་མང་སྟོང་ཕྲག་མང་པོས་མཚན་རྟགས་བསྡུ་རུབ་བྱས་ནས་ཁོང་གི་མི་སེར་ལག་འཁྱེར་ཕྱིར་བསྡུ་བྱེད་དགོས་པར་བརྗོད་འདུག

ཟླ་འདིའི་ཚེས་༢༦ ཉིན། བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱི་རྒྱབ་སྐྱོར་བ་དང་འཛམ་གླིང་གི་ཕྱུག་བདག་ཨེ་ལོན་མ་སི་ཁིས་ཁེ་ན་ཌའི་ཁེ་ཕན་ལ་གནོད་པ་དང་རྒྱལ་ཁབ་ཀྱི་རང་བཙན་ལ་ཁྱད་གསོད་བྱས་ཡོད་པར་སྐྱོན་བརྗོད་བྱས་ནས། ཁོང་གི་ཁེ་ན་ཌའི་མི་སེར་ལག་འཁྱེར་ཕྱིར་བསྡུ་བྱེད་དགོས་པའི་མཚན་རྟགས་བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་འདུག ཟླ་འདིའི་ཚེས་༢༠ ནས་འགོ་བཙུགས་ནས་ད་བར་ཉིན་གྲངས་ལྔའི་རིང་། མི་མང་འབུམ་༢།༥ ལྷག་གིས་མཚན་རྟགས་བཀོད་ཡོད་འདུག་པ་དང་། མཚན་རྟགས་བསྡུ་རུབ་དེ་ཟླ་བ་༦ ཚེས་༢༠ བར་བསྡུ་རྒྱུ་ཡིན་འདུག

ཁེ་ན་ཌའི་ནང་གལ་སྲིད་མི་ཞིག་གིས་གཡོ་སྒྱུ་འཁྲབ་པ་དང་ཡིག་ཆ་རྫུན་བཟོས་བྱས་པ། མི་སེར་ཞུ་བའི་སྐབས། གནས་ཚུལ་ངོ་མ་སྦས་པ་སོགས་ཤེས་རྟོགས་བྱུང་ཚེ། མི་སེར་ལག་འཁྱེར་ཕྱིར་བསྡུ་བྱེད་ཆོག་གི་ཡོད་འདུག ཕྱུག་བདག་ཨེ་ལོན་མ་སི་ཁི་ནི། ལྷོ་ཨ་ཧྥི་རི་ཁ་ལ་སྐྱེས་ཤིང་། ལོ་༡༨ ཐོག་ཁེ་ན་ཌ་ལ་བསླེབས་ནས་སློབ་སྦྱོང་དང་ལས་ཀ་ཆུང་ངུ་ཁག་བྱས་མྱོང་ཡོད་འདུག ཁོང་གི་ཨ་མ་ཁེ་ན་ཌ་ལ་སྐྱེས་ཡོད་པར་བརྟེན་ཁོང་གི་ཁེ་ན་ཌའི་མི་སེར་ལག་འཁྱེར་བླངས་ཡོད་པ་མ་ཟད། ད་ལྟའི་ཆར་ཨ་རིའི་མི་སེར་ལག་འཁྱེར་ཡང་ཡོད་འདུག

མཚན་རྟགས་བསྡུ་རུབ་དང་འབྲེལ་ཁོང་གིས་ཁེ་ན་ཌ་ནི་རྒྱལ་ཁབ་ངོ་མ་ཞིག་མ་རེད་ཅེས་བྲིས་ནས་ཨིག་སི་དྲྭ་ཐོག་ཏུ་སྤེལ་ཡོད་ཀྱང་ཕྱིས་སུ་བསུབས་ནས་མེད་པ་བཟོས་ཡོད་འདུག ཡིག་ཆའི་ནང་། ཁོང་གི་རྒྱུ་ནོར་དང་སྟོབས་ཤུགས་བེད་སྤྱད་ནས་ཁེ་ན་ཌའི་འོས་བསྡུ་ལ་ཤུགས་རྐྱེན་སྤྲད་ཡོད་པ་དང་། ད་ལྟ་ཁེ་ན་ཌའི་བདག་དབང་མེད་པར་བཟོ་ཐབས་བྱེད་མཁན་གྱི་ཕྱི་རྒྱལ་གཞུང་གི་ཁོངས་མི་ཞིག་ཏུ་གྱུར་ཡོད་པ་བཀོད་ཡོད་འདུག

མཚན་རྟགས་བསྡུ་རུབ་དེ་ནི་མཚོན་རྟགས་ཙམ་ལས་ཁྲིམས་མཐུན་གྱི་ནུས་པ་གང་ཡང་མེད་ན་ཡང་། མཚན་རྟགས་༥༠༠ ལས་མང་བ་དང་ལྷག་པར་དུ་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཡོད་ན། གཞུང་གིས་ལན་འདེབས་བྱེད་ཀྱི་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡང་ནས་ཡང་དུ་ཁེ་ན་ཌ་ནི་ཨ་རིའི་མངའ་སྡེ་ཞིག་ཏུ་འགྱུར་སྲིད་པ་དང་། ལྕགས་དང་ཧ་ཡང་གི་རིགས། དེ་བཞིན་ཁེ་ན་ཌའི་དངོས་ཟོག་ཐོག་ཁྲལ་འགེལ་རྒྱུའི་འཇིགས་སྐུལ་བྱས་པ་སོགས་ལ་བརྟེན། ཕྱོགས་གཉིས་བར་འགལ་ཟླ་ཇེ་ཆེ་རུ་འགྲོ་བཞིན་པ་དང་བསྟུན། ཁེ་ན་ཌའི་མི་མང་ཚོས་ངོ་རྒོལ་མཚོན་བྱེད་དུ་ཨ་རིའི་དངོས་ཟོག་མི་ཉོ་བ་དང་ཨ་རི་ལ་ཡུལ་སྐོར་འགྲོ་རྒྱུར་ཕྱིར་འཐེན་བྱས་པ། ལྷག་པར་དུ་ཧོ་ཀི་(hockey) དང་ལག་རྩེད་སྤོ་ལོའི་འགྲན་བསྡུར་སྐབས། ཨ་རིའི་རྒྱལ་གླུ་གཏོང་དུས་སྐད་ངག་སྒྲོག་པ་བཅས་བྱས་ཏེ། ཊོམ་གྱི་སྲིད་གཞུང་འོག་ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།