ཁེ་ན་ཌར་དྲག་སྤྱོད་པ་ཞིག་གིས་ཁ་ཆེ་ཁྱིམ་ཚང་ཞིག་ལ་དྲག་རྒོལ་བྱས་ནས་ནང་མི་༤ བསད་འདུག

ཁེ་ན་ཌར་དྲག་སྤྱོད་པ་ཞིག་གིས་སྔོན་ཚུད་ནས་འཆར་གཞི་བསྒྲིགས་ནས། ཁ་ཆེ་ཁྱིམ་ཚང་ཞིག་ལ་རླངས་འཁོར་བརྡུངས་ཏེ་དྲག་རྒོལ་བྱས་འདུག ཁྱིམ་ཚང་དེ་ལས་བྱིས་པ་ཞིག་མ་གཏོགས་གཞན་ཚང་མའི་ཚེ་སྲོག་ཤོར་ཡོད་པ་རེད་འདུག

ཟླ་༦ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཁེ་ན་ཌའི་མངའ་སྡེ་ཨོན་ཀྲ་རི་ཡོའི་གྲོང་ཁྱེར་ལོན་ཀྲོན་ནང་དུ། རང་ལོ་༢༠ ཡིན་པའི་དྲག་སྤྱོད་པ་ཞིག་གིས་དོས་སྐྱེལ་རླངས་འཁོར་བཏང་ནས། ཁ་ཆེ་ཁྱིམ་ཚང་ཞིག་ལ་བརྡུངས་ནས་དྲག་རྒོལ་བྱས་འདུག་པ་དང་། ཁྱིམ་ཚང་དེའི་ནང་མི་ལོ་རྒན་པ་བཞི་བསད་འདུག་པ་དང་། ལོ་ན་ཆུང་ཤོས་བྱིས་པ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ནས་ད་ལྟའི་ཆར་སྨན་ཁང་དུ་ལུས་ཡོད་པ་རེད་འདུག

དེ་ཡང་ཚེ་སྲོག་ཤོར་མཁན་ཁོངས་ནས་རང་ལོ་༧༤ ཡིན་པའི་བུད་མེད་གཅིག རང་ལོ་༤༦ ཡིན་པའི་སྐྱེས་པ་ཞིག རང་ལོ་༤༤ ཡིན་པའི་བུད་མེད་གཅིག རང་ལོ་༡༥ ཡིན་པའི་བུད་མེད་གཅིག་བཅས་ཡིན་འདུག་པ་དང་། ད་ལྟའི་ཆར་སྨན་ཁང་དུ་ལུས་ཡོད་མཁན་ནི་རང་ལོ་༩ སོན་པའི་བུ་ཆུང་ཞིག་ཡིན་འདུག

ཉེན་རྟོག་པས་དྲག་སྤྱོད་པ་དེ་འཛིན་བཟུང་བྱས་ཟིན་འདུག་པ་དང་། ཁོ་ཚོས་གནད་དོན་དེ་ནི་ཁ་ཆེ་མི་རིགས་ལ་སྡང་སེམས་ཀྱི་ཐོག་ནས་སྤེལ་བའི་དྲག་སྤྱོད་གཅིག་ཡིན་པ་དང་། ཁྱིམ་ཚང་དེའི་ནང་མི་རྣམས་ཁ་ཆེ་ཡིན་རྐྱེན་དྲག་རྒོལ་བྱས་པ་ཡིན་པ་ལས། ཕྱོགས་གཉིས་བར་དེ་སྔོན་ནས་འབྲེལ་བ་གང་ཡང་མེད་པ། དྲག་རྒོལ་དེ་ནི་སྔོན་ཚུད་ནས་འཆར་གཞི་བསྒྲིགས་ནས་སྤེལ་བ་ཞིག་ཡིན་སྐོར་བརྗོད་འདུག འོན་ཀྱང་ཁུལ་དེའི་ཁ་ཆེའི་བདེ་དོན་དང་འབྲེལ་བ་ཚོགས་པ་ཁག་ཅིག་གིས། དྲག་སྤྱོད་དེ་ནི་འཇིགས་སྐུལ་རིང་ལུགས་ཀྱིས་ཉེས་མེད་མི་མང་དམར་གསོད་བཏང་བ་དང་གཅིག་མཚུངས་ཡིན་པས། དེ་ནི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་གཅིག་ལ་ངོས་འཛིན་གྱིས་དེ་ལྟར་ཉེས་འཛུགས་བྱེད་དགོས་སྐོར་བརྗོད་འདུག

ཁེ་ན་ཌའི་སྲིད་བློན་དང་དེ་བཞིན་འབྲེལ་ཡོད་མངའ་སྡེ་དང་གྲོང་ཁྱེར་གྱི་དཔོན་རིགས་ཚོས། དྲག་སྤྱོད་དེར་ངོ་རྒོལ་དང་ཁ་ཆེ་ཁྱིམ་ཚང་དེར་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་སྤེལ་འདུག

ཕྱི་ལོ་༢༠༡༦ ལོར་མི་འབོར་གྲངས་བཤེར་ཞིག་གི་གྲུབ་དོན་དུ། དྲག་རྒོལ་བྱེད་ཡུལ་གྱི་གྲོང་ཁྱེར་ལོན་ཀྲོན་དེའི་ནང་་མི་རིགས་སྣ་ཚོགས་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དང་། ཁུལ་དེར་གནས་སྡོད་བྱེད་མཁན་མི་ལྔ་རེ་ནས་གཅིག་ནི་ཁེ་ན་ཌའི་ཕྱི་ལོགས་སུ་སྐྱེས་མཁན་ཡིན་པ་དང་། གྲངས་ཉུང་མི་རིགས་ཁོངས་མི་འབོར་མང་ཤོས་ནི་ཁ་ཆེ་ཨ་རབ་མི་རིགས་ཡིན་འདུག

ཕྱི་ལོ་༢༠༡༧ ལོར་དྲག་སྤྱོད་པ་ཞིག་གིས་ཁེ་ན་ཌ་ནང་དུ་ཁ་ཆེའི་རིག་གཞུང་ལྟེ་གནས་ཁང་ཞིག་ཏུ་ཆོས་བྱེད་བཞིན་པའི་ཁ་ཆེ་བ་དྲུག་ལ་མེ་མདའ་བརྒྱབ་ནས། ལྔ་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད་འདུག

རྒྱུན་དུ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཁ་ཆེ་དང་གྲངས་ཉུང་མི་རིགས་ཚོར་དྲག་སྤྱོད་དང་། དེ་བཞིན་མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་པ་སོགས་ཀྱི་དྲག་སྤྱོད་དེ་རིགས་སྤེལ་མཁན་ཕལ་ཆེ་བ་ནི་མི་རིགས་དཀར་པོ་ཡིན་པ་ལྟར། ཐེངས་འདིར་ཡང་མི་རིགས་དཀར་པོ་ཞིག་ཡིན་སྐོར་བརྗོད་བཞིན་འདུག་ཀྱང་། ཉེན་རྟོག་པས་དྲག་སྤྱོད་པ་དེའི་སྐོར་ཞིབ་ཕྲ་གསལ་བསྒྲགས་བྱས་མི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།