ཁེ་ཕན་དང་དགོས་མཁོའི་འོག་ལ་ཚང་མ་བློས་གཏོང་གི་ཡུལ་ཡིན་པ་རེད།

རྩོམ་པ་པོ། སྤྱི་ཟུར་བློ་བཟང་གྲགས་པ།

དེང་སང་འཛམ་གླིང་ནང་འགྱུར་བ་ཆེན་པོ་ཕྱིན་དང་འགྲོ་མུས་རེད།  འགྱུར་བ་དེ་དག་གི་ནང་ལ་གཙོ་བོར་སྐུ་ཞབས་ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ནས་འཛམ་གླིང་ནང་དེ་སྔ་བསམ་ཡུལ་ལས་མེད་པའི་འགྱུར་བ་ཆེན་པོ་ཞིག་ཕྱིན་དང་འགྲོ་མུས་རེད། ༢༠༢༡ ལོར་ཌོ་ནལ་ཊམ་སྐབས་༤༥ པའི་ཨ་རིའི་སྲིད་འཛིན་གྱི་ལས་འགན་མཇུག་བསྒྲིལ་པ་ནས་ཁོང་སླར་ཡང་ཨ་རིའི་སྲིད་འཛིན་མ་ཐོབ་གྱི་བར་དུ། ཁོང་གི་ཁ་གཏད་ལ་ལངས་པའི་སྤྱི་སྒེར་ཚང་མས་ཕྱི་ནང་གསང་གསུམ་བརྒྱུད་ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཉིད་རྩ་མེད་གཏོང་ཐབས་བྱས་ནའང། མཐར་ཁོང་ཉིད་རྩ་མེད་དུ་མ་སོང་བར། དེ་ལས་ལྡོག་སྟེ་འགྱེལ་ས་ནས་སླར་ཡར་ལངས་ནས་འཛམ་གླིང་གི་ཆབ་སྲིད་ཁོར་ཡུག་ནང་ལྡིར་སྒྲ་ཆེན་པོ་ཞིག་བྱུང་བ་མ་ཟད། སྒོས་སུ་ཨ་རིའི་རྒྱལ་ནང་གི་སྤྱི་ཚོགས་ནང་ས་ཡོམ་བརྒྱབ་པ་ལྟ་བུའི་གཡོ་འགུལ་ཆེན་པོ་ཐེབས་བཞིན་ཡོད་པ་རེད།

ཐེངས་འདིར་ཁོང་སླར་ཡང་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ནི། ཁོང་གི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་མ་ཚད། ཨ་རིའི་མི་དམངས་ས་ཡ་མང་པོས་ཀྱང་དེ་ནི་ཨ་རིའི་རྒྱལ་ཁབ་དང་མི་དམངས་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་དེ་འཛམ་གླིང་ཁྱོན་ཡོངས་ལ་ཁ་ལོ་བསྒྱུར་ཐུབ་པའི་གོ་སྐབས་ལེགས་ཤོས་ཤིག་ལ་རྩི་བཞིན་ཡོད་ལ། སྙན་གྲགས་ཆེ་བའི་མི་སྣ་མང་པོས་ཀྱང་ཌོ་ནལ་ཊམ་ནི་དཀོན་མཆོག་གིས་ཨ་རི་ལ་གནང་བའི་ཁྱད་ནོར་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། 

དེ་དང་དུས་མཚུངས། ཨ་རིའི་མི་དམངས་ས་ཡ་མང་པོས་ཁོང་ལ་ལྡོག་ཕྱོགས་ཀྱི་ལྟ་སྟངས་བཟུང་སྟེ། ཌོ་ནལ་ཊམ་སླར་ཡང་ཨ་རིའི་སྲིད་འཛིན་ཆགས་པ་ནི་རྒྱལ་ཁབ་དང་མི་དམངས་ལ་གསབ་ཏུ་མེད་པའི་གྱོང་གུད་ཆེན་པོ་ཞིག་ཡིན་ཚུལ་རྗོད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(ICT)གི་འགན་འཛིན་རི་ཅལ་གྷེར་(RichardGere)གཙོས་སྙན་གྲགས་ཆེ་བའི་གཞས་པ་དང་འཁྲབ་སྟོན་པ་བཅས་མང་པོའང་ཨ་རི་ནས་ཁ་བྲལ་ཏེ་རྒྱལ་ཁབ་གཞན་ལ་གནས་སྤོ་བྱས་དང་བྱེད་བཞིན་པ་རེད། གང་ལྟར་ཌོ་ནལ་ཊམ་སྲིད་འཛིན་ཆགས་པ་ནས་ཨ་རིའི་རྒྱལ་ནང་ལ་བཟང་ངན་གྱི་གླེང་ཕྱོགས་དང་འཕོ་འགྱུར་འདྲ་མིན་སོང་དང་འགྲོ་མུས་རེད།

ཌོ་ནལ་ཊམ་གྱི་གཤིས་ཀ་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར། གང་ལྟར་ཁོང་ནི་མི་འཇོན་ཐང་ཆེན་པོ་ཞིག་ཡིན་པ་དང་། ཕུལ་བྱུང་གི་ཚོང་གཉེར་བ་ཞིག་ཀྱང་ཡིན་པ་སུས་ཀྱང་དོགས་པ་བྱེད་ཀྱི་མེད། མ་ཚད་ཁོང་གི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལ་འཐད་དང་མི་འཐད་པའི་གླེང་ཕྱོགས་འདྲ་མིན་ཡོད་ནའང་། ཁོང་གི་སོ་སོའི་ཕྲུ་གུ་དེ་དག་གསོ་སྐྱོང་བྱེད་སྟངས་དང་སློབ་གསོ་སྤྲོད་སྟངས། ཕྲུ་གུ་དེ་དག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཤེས་ཡོན་གྱི་སློབ་གསོ་ཐོབ་སྟངས་དང་། ཁོང་ཚོའི་ད་ལྟའི་བྱ་གཞག་དང་སྤྱི་ཚོགས་ཀྱི་གནས་བབ་བཅས་ནས། ཌོ་ནལ་ཊམ་ནི་མི་སྤྱིར་བཏང་ཞིག་མིན་པ་རྟོགས་ཐུབ་པ་རེད། གཅིག་བྱས་ན། ཁོང་གི་མི་ཚེའི་བརྒྱུད་རིམ་གྱི་བག་ཆགས་ནས་བྱུང་བའི་ཉམས་མྱོང་དང་རང་ཉིད་ལ་འཇགས་པའི་གཤིས་ཀ་ཞིག་ཀྱང་ཡིན་སྲིད། གང་ལྟར་ཁོང་ནི་བཟང་ལ་བཟང་ལན་དང་ངན་ལ་ངན་ལན་སློག་མཁན་ཞིག་ཡིན་པ་སོམ་ཉི་མེད། 

ད་ཐེངས་ཁོང་ཨ་རིའི་སྲིད་འཛིན་ལ་འོས་ཐོན་བྱུང་བ་ནི། གཙོ་བོར་འཛམ་གླིང་གི་ཕྱུག་བདག་སྐུ་ཞབས་ཨེ་ལོན་མཱ་སི་(ElonMusk) ཡིས་བྱས་རྗེས་ཆེན་པོ་བཞག་ཡོད་པས། སྲིད་འཛིན་ཐོབ་རྗེས་ཁོང་གིས་ཨེ་ལོན་མཱ་སི་ལ་ཡིད་ཆེས་ཆེན་པོས་འགན་དབང་ལྗིད་པོ་དང་གོ་ས་མཐོན་པོ་སྤྲད་པ་མ་ཚད། ད་བར་མི་མང་པོས་ཁོང་གཉིས་དབར་དཀྲུག་ཤིང་ག་ཚོད་བརྒྱབ་དང་རྒྱག་བཞིན་ཡོད་ནའང་། ཁོང་གིས་ཨེ་ལོན་མཱ་སི་ལ་ཡོད་པའི་ཡིད་ཆེས་ལ་འགྱུར་བ་གཏོང་གི་མེད། ངས་བསམ་པར་གལ་སྲིད་ཕན་ཚུན་གྱི་ཁེ་ཕན་ལ་དོགས་འགལ་མ་སོང་ན། ཁོང་ཉིད་ཀྱི་འབྲེལ་བ་བཟང་པོ་མུ་མཐུད་གནས་ཏེ་འགྱུར་བ་འགྲོ་རྒྱུ་མ་རེད། ཨེ་ལོན་མཱ་སི་མ་ཚད། འོས་བསྡུའི་བརྒྱུད་རིམ་ནང་ཁོང་ལ་ཕྱག་རོགས་དང་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་མང་པོ་ལ། ཁོང་གིས་གདེང་འཇོག་ཆེན་པོས་གོ་ས་འདྲ་མིན་སྤྲད་ནས། ཨ་རིའི་སྲིད་གཞུང་གི་སྒྲོམ་གཞི་ཡོད་ཚད་ལ་འཕོ་འགྱུར་ཆེན་པོ་ཐེབས་ཀྱིན་ཡོད་པ་རེད། དེ་དང་ཕྱོགས་མཚུངས། དེ་སྔར་ཁོང་ལ་ངན་ཁག་འདྲ་མིན་དཀྲིས་ནས་ངོ་རྒོལ་དང་ཁ་གཏད་གཅོག་མཁན་རྣམས་ལའང་འཁོན་ལན་བསློགས་ཏེ་མང་པོ་ལས་མེད་དུ་བསྒྱུར་བ་དང་། མང་པོ་ཉིན་ལྟར་འཇིགས་སྣང་གི་གནས་སུ་བརྫངས་ཡོད་པ་རེད། དེ་སྔར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(ICT)གི་འགན་འཛིན་རི་ཅལ་གྷེ་(RichardGere) གཙོས་ལས་མི་རྣམ་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཡིན་ཁུལ་གྱི་ཚོགས་སྡེ་མང་པོས། སོ་སོའི་ལྟ་སྟངས་དབང་གིས་ཌོ་ནལ་ཊམ་ལ་སྐྱོན་བརྗོད་མང་པོ་བྱས་ཡོད་པ་མ་ཟད། ཉེ་ཆར་རི་ཅལ་གྷེ་(RichardGere)ཡིས་སི་པེན་(Spain)གློག་བརྙན་དུས་སྟོན་ཞིག་གི་ཐོག་ཌོ་ནལ་ཊམ་ནི་འཁྲུག་པ་སློང་མཁན་གྱི་མི་ངན་ཇག་དཔོན་ཡིན་ལུགས་ཀྱི་སྐྱོན་བརྗོད་སྣ་ཚོགས་བྱས་ཡོད། ཁོང་ཉིད་ཨ་རི་ནས་ཁ་བྲལ་ཏེ་སི་པེན་ལ་གནས་སྤོས་ཟིན་པས། ཁོང་རང་སྒེར་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་མིན་ནའང་། ཁོང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གྱི་མཚན་གནས་བཞེས་བཞིན་ཡོད་པའི་དབང་གིས། མ་འོངས་པར་ཌོ་ནལ་ཊམ་གྱིས་ཚོགས་པ་དེ་དང་། ཚོགས་པ་དེ་དང་འབྲེལ་བའི་གནད་དོན་རྣམས་ལ་འཁོན་ལན་སློག་རྒྱུ་ཡིན་པ་ནི་ཁོང་གི་མི་གཤིས་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ། ཆབ་སྲིད་དང་སྤྱི་ཚོགས་ལ་དཔྱད་བརྗོད་བྱེད་མཁན་གྱི་མཁས་པ་མང་པོས་ཀྱང་དེ་ལྟར་གསུང་གི་ཡོད་པ་རེད།

ཌོ་ནལ་ཊམ་གྱིས་སྲིད་འཛིན་དམ་འབུལ་ཞུས་རྗེས། འཛམ་གླིང་ནང་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་ཐག་གཅོད་ཁ་ཤས་གནང་ཡོད་པའི་ནང་ནས། ཨ་རིའི་རོགས་དངུལ་(USAID)ཕལ་ཆེར་ཟླ་བ་གསུམ་རིང་འགོག་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་བ་དང་། དེ་མ་ཐག་ལག་བསྟར་གྱི་ལས་འགུལ་ལ་ཞུགས་ནས། འཛམ་གླིང་ཁྱོན་ཡོངས་ལ་བརྡབ་གསིག་ཆེན་པོ་ཐེབས་ཡོད་པ་རེད། རོགས་དངུལ་དང་འབྲེལ་བའི་ལས་བྱེད་ཁྲི་ཚོ་མང་པོ་ཉིན་གཅིག་ལ་ལས་མེད་ཆགས་ནས་ཅི་བྱ་འདི་བྱ་མེད་པར་གྱུར་པ་མ་ཟད། ཨེ་ལོན་མཱ་སི་(ElonMusk) ཡིས་སྣེ་འཁྲིད་པའི་གློག་ཀླད་ལག་རྩལ་ལ་བྱང་ཆུབ་པའི་ན་གཞོན་ཁ་ཤས་ཀྱིས་ཨ་རིའི་རོགས་དངུལ་(USAID)ལས་ཁུངས་ཀྱིས་ད་བར་འགྲོ་གྲོན་གཏོང་ཕྱོགས་སྐོར་ཞིབ་བཤེར་བྱས་པ་དང་། མང་གཙོ་ཚོགས་པ་གཙོས་ཆབ་སྲིད་མི་སྣ་མང་པོས་ཊམ་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་མ་ཟད། མི་དམངས་སྟོང་ཚོ་མང་པོར་རྒྱུད་སྐུལ་བྱས་ནས་ཕོ་བྲང་དཀར་པོ་དང་གྲོས་ཚོགས་ཕྱི་ལོགས་སོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རེད།

ཡིན་ནའང་ཨ་རིའི་རོགས་དངུལ་ཐེར་འབུམ་མང་པོ་ཆུད་ཟོས་སུ་སོང་ཡོད་པའི་དཔང་རྟགས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་བསྒྲགས་བྱས་པ་དང་། ངོ་རྒོལ་བྱེད་མཁན་གྱི་ཆབ་སྲིད་པ་མང་པོའི་དངུལ་ཁང་ནང་ལ་འབྱུང་ཁུངས་མི་གསལ་བའི་མ་དངུལ་ས་ཡ་མང་པོ་ཡོད་པའི་དཔང་རྟགས་སོགས་ཕྱིར་བསྒྲགས་བྱས་པ་དང་། ཨ་རིའི་རོགས་དངུལ་ལས་ཁུངས་བརྒྱུད་སྒེར་གྱི་ཁེ་ཕན་ཇི་ཙམ་བླངས་ཡོད་མེད་སོགས་ཐེར་འདོན་བྱེད་འགོ་བརྩམས་པ་དང་། ཊམ་ལ་ངོ་རྒོལ་བྱེད་པའི་ཁ་ཤུགས་ཀྱང་ཇེ་ཆུང་ལ་སོང་ཡོད་པ་རེད། གང་ལྟར་ཨ་རིའི་རོགས་དངུལ་སྡེ་ཚན་དེ་ཉིད་འབྱུང་གྱུར་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཟླ་སྒྲིལ་བྱེད་རྒྱུ་གཏན་འཁེལ་བྱུང་ཡོད་པ་དང་། ཟླ་བ་གསུམ་རིང་ཞིབ་བཤེར་བྱེད་རྒྱུ་ཡིན་ལུགས་བརྗོད་ནའང་། དོན་དངོས་དེ་ལས་ཡུན་རིང་ཙམ་འགོར་སྲིད་པ་རེད་ལ། ཕྱི་འབྲེལ་ཆབ་སྲིད་ཀྱི་ཁེ་ཕན་དབང་གིས་ཨ་རིའི་རྒྱལ་ཁབ་ཀྱིས་རོགས་དངུལ་གནང་རྒྱུའི་ལས་འགུལ་དེ་གཏན་དུ་མཚམས་འཇོག་བྱེད་ཐབས་བྲལ་ནའང་། སྔར་ལྟར་རོགས་དངུལ་ཕོན་ཆེ་སྤྲོད་རྒྱུ་མིན་པ་དང་། རོགས་དངུལ་སྤྲོད་ཡུལ་ཉུང་དུ་གཏོང་རྒྱུ་དང་། རོགས་དངུལ་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་སོགས་ནི་ཟུར་བལྟས་ལེབ་མཐོང་དུ་གྱུར་ཡོད། ད་ཆ་ཨ་རི་ནི་ཚོང་དཔོན་དང་ཕྱུག་བདག་རྣམས་ཀྱིས་ཁ་ལོ་སྒྱུར་བཞིན་ཡོད་པས། སྒོར་མོ་དང་ཁེ་ཕན་མ་གཏོགས་བསམ་རྒྱུ་མེད་པའི་འགོ་ཁྲིད་དེ་དག་གིས། རྒྱ་ནག་གི་ཁྲོམ་རྭ་དང་ཐོན་རྫས་ནུས་ཁུངས་ཀྱི་ཁེ་ཕན་སྩོལ་སྒྲུབ་དབང་གིས། མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དེ་སྔ་ལྟར་རོགས་དངུལ་སྤྲོད་རྒྱུ་ཡིན་མིན་བཤད་ཚོད་ཐིགས་དཀའ་ནའང་། ཆབ་སྲིད་དཔྱད་བརྗོད་པ་མང་པོས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ལ་སྔར་ལྟར་ཐོབ་རྒྱུ་མིན་ལུགས་རྗོད་ཀྱི་ཡོད། གནད་དོན་འདིའི་དབང་གིས། ཨ་རིའི་རོགས་དངུལ་ལ་བརྟེན་ནས་རྒྱུན་སྐྱོང་བྱེད་པའི་སྤྱི་སྒེར་ཚང་མའི་ལྟོ་གོས་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་རེད།

ཨ་རིའི་རོགས་དངུལ་(USAID)གྱི་གནད་དོན་མ་བྱུང་སྔོན་ལ། སུས་ཀྱང་ཨ་རིའི་རོགས་དངུལ་དེ་ཉིད་མཚམས་འཇོག་བྱེད་རྒྱུ་ཡིན་པ་བསམ་བློའི་ཡུལ་ལའང་འཁོར་མྱོང་མེད། རྒྱུ་མཚན་གང་ཡིན་ཞེ་ན། ཨ་རིའི་རོགས་དངུལ་(USAID)ནི་ཕྱི་ལོ་༡༩༦༡ ལོར་འཛམ་གླིང་ནང་གྲང་དམག་བརྒྱབ་པའི་དུས་སྐབས་དེར། ཨ་རིའི་སྲིད་འཛིན་ཇོན་ཀེ་ནེ་ཊི་(JohnF.Kennedy) ཡིས་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཐེབས་པའི་སྲིད་ཇུས་གཏན་འབེབས་འོག་ཆེད་དུ་འགོ་བརྩམས་པའི་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་དེ་ཉིད་ཀྱང་གྲོས་ཚོགས་ནས་ཁྲིམས་འཆར་གཏན་འབེབས་གནང་ཐོག་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཡོད་པ་ཞིག་ཡིན་འདུག། རྒྱུ་མཚན་དེའི་དབང་གིས་མི་ཚང་མས་ལས་འགུལ་འདི་ཉིད་འདི་ལྟར་ཉིན་གཅིག་ནང་མཚམས་འཇོག་བྱེད་རྒྱུ་ཡིན་པའི་དོགས་པ་ཧ་ལམ་སླེབས་མྱོང་མེད་པ་རེད། 

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མཚོན་ནའང་། རོགས་དངུལ་དེ་ཉིད་ནི་ཨ་རིའི་ཁྲིམས་འཆར་གྱི་རྒྱབ་རྟེན་ཡོད་པར་བསམ་ནས་དེ་ལ་ཡིན་ཤག་ཤག་གིས་བསམ་ཚུལ་ཡོད་ཀྱང་། གང་ལྟར་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་བྱུང་དང་འབྱུང་མུས་རེད། དོན་དངོས་ཐོག། བོད་པ་ཙམ་མིན་པར། ལོ་ལྟར་ཨ་སྒོར་ས་ཡ་བཅུ་ཕྲག་ཁ་ཤས་འཐོབ་ཀྱི་ཡོད་པའི་འཛམ་གླིང་ནང་གི་ཚོགས་པ་མང་པོས། སྤྱི་ཚོགས་ཀྱི་མཁོ་དགོས་འདྲ་མིན་ཐད་ལས་འགུལ་འདྲ་མིན་བརྩམས་དང་རྩོམ་མུས་ཡིན་པས། ཚོགས་པ་དེ་དག་ཉིན་གཅིག་གི་ནང་ལས་མཚམས་བཞག་སྟེ་ནུས་མེད་དུ་གྱུར་པས། ད་གཟོད་ཨ་རིའི་རོགས་དངུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་ཀྱི་ཡོད་མེད་ཤེས་རྟོགས་བྱུང་བ་རེད། ཨ་རིའི་རོགས་དངུལ་གྱི་བཀའ་དྲིན་ལ་བརྟེན་ནས་རྒྱུན་སྐྱོང་དང་འཚོ་བ་གཉེར་བཞིན་པའི་སྤྱི་སྒེར་ཚང་མས་ཌོ་ནལ་ཊམ་ལ་འཁང་ར་དང་འཁོན་འཛིན། ཁ་གཏད་དང་ངོ་རྒོལ་བྱས་དང་བྱེད་མུས་ཡིན་ནའང་། ཨ་རིའི་མི་དམངས་མང་ཤོས་ཀྱིས་ཁོང་གི་གནང་ལུགས་གནང་སྟངས་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཆེན་པོ་གནང་མུས་རེད། མང་གཙོའི་རྒྱལ་ཁབ་ནང་མི་དམངས་ཀྱི་དགོངས་ཚུལ་གཙོ་བོ་ཡིན་པ་དང་། ལྷག་པར་ཆབ་སྲིད་པ་ཞིག་ལ་མཚོན་ན། སོ་སོའི་མ་འོངས་མདུན་ལམ་ཆེད་དུ་མི་དམངས་མང་ཤོས་ཀྱི་དགོངས་ཚུལ་ལ་མ་བསྟུན་རང་བསྟུན་ཆགས་ཀྱི་ཡོད་པ་ཡིན་དུས། མ་འོངས་པར་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཞབས་འདེགས་སྒྲུབ་པའི་མིང་ཐོག་ནས། རོགས་དངུལ་སྔར་ལྟར་སྤྲོད་རྒྱུ་མིན་པ་ནི་གསལ་པོ་ཆགས་ཚར་བ་རེད། རྒྱུ་མཚན་དེའི་དབང་གིས་མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོས་པའི་ཨ་རིའི་རོགས་དངུལ་ཐོབ་མཁན་གྱི་སྤྱི་སྒེར་ཚང་མར། སྔར་ལྟར་རྒྱུན་གྲོན་གཏོང་ཐབས་མེད་པ་ནི་གསལ་པོ་ཆགས་ཚར་བ་རེད།

བོད་ཀྱི་ལོ་རྒྱུས་ནང་གསལ་བལྟས་ན། བོད་པ་ནི་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། གནའ་ནས་ད་བར་རྒྱལ་ཁབ་གཞན་གྱི་སྟོབས་འབྱོར་ལ་བརྟེན་ནས་སོ་སོའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་དང་རིག་གནས་སོགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་བྱེད་ཀྱི་ཡོད། བོད་མི་རྣམས་རྒྱ་གར་ལ་སྐྱབས་བཅོལ་སླེབས་པ་ནས་ད་ལྟའི་བར། ང་ཚོས་ནུབ་ཕྱོགས་རྒྱལ་ཁབ་རྣམས་ལ་ཡིད་ཆེས་བློས་འགེལ་བྱས་པ་དང་། ཁོང་ཚོའི་རོགས་དངུལ་ལ་བརྟེན་ནས་ཡོང་བ་རེད། གཞན་བརྟེན་གྱི་བསམ་བློ་དེའི་འོག་ན་བཙན་བྱོལ་བོད་མི་རྣམས་ཀྱང་ངལ་རྩོལ་གྱི་བསམ་བློའི་འདུ་ཤེས་དང་བྲལ་ཏེ། གཞན་བརྟེན་འབའ་ཞིག་གི་གཤིས་ཀའི་ནང་རུལ་དྲི་འཐུལ་གྱི་ཡོད། དྲང་པོ་བཤད་ན། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད། ང་ཚོས་སོ་སོའི་མདུན་ལམ་ལ་ཐག་གཅོད་ཐུབ་པའི་ནུས་པ་ཡོད་མྱོང་མེད་པ་རེད། ཡོད་ཚད་རོགས་དངུལ་སྤྲོད་མཁན་རྣམས་ཀྱི་འདོད་འདུན་ལ་བསྟུན་ནས་ཡོང་དགོས་ཐུབ་ཡོད་པ་རེད། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་གོ་སྐབས་ཁ་ཤས་བྱུང་བའི་སྐབས་ཀྱང་། གཞན་རྒྱུ་བཟས་ན་གཞན་དོན་ལ་མ་བསྟུན་རང་བསྟུན་ཡིན་པ་ལྟར། གསེར་ལས་དཀོན་པའི་གོ་སྐབས་ཁ་ཤས་ཀྱང་གཞན་དབང་སྟབས་བསྟུན་དབང་གིས་ཆུད་ཟོས་སུ་ཕྱིན་སྐོར་ལོ་རྒྱུས་ཀྱི་དེབ་ཐེར་མང་པོའི་ནང་མཐོང་རྒྱུ་ཡོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན། ང་ཚོས་ད་དུང་ཡང་གཞན་བརྟེན་གྱི་བསམ་བློ་འདོར་ཐུབ་མེད་པ་དང་། རང་ཉིད་ཀྱི་རང་ཁ་གསོ་བའི་ནུས་པ་ནི་དེ་བས་མེད་པ་རེད། དྲང་པོར་བཤད་ན། ད་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་རྒྱ་ནག་དང་ཁ་གཏད་ལ་ལངས་པའི་ཁྱིམ་ཚང་ཞིག་གི་སྒོ་ཁྱི་དང་ཁྱད་པར་མེད། ལྟོ་གོས་དང་གནས་མལ་ཞིག་གི་དོན་དུ་ཁྱིམ་བདག་གིས་ཟུག་ལབ་ན་ཟུག་རྒྱུ་དང་། ཁ་བཙུམ་ལབ་ན་ཁ་བཙུམ་ནས་གཉོམ་ཆུང་བྱས་ནས་བསྡད་པ་དང་གཉིས་སུ་མེད།

ཚང་མས་མཁྱེན་གསལ་ལྟར། དེ་སྔ་ཨུ་རུ་སུ་(Russia)དང་ཡུག་རེན་(Ukraine)གཉིས་ཀྱི་དམག་འཁྲུག་ཐོག་མར་འབྱུང་སྐབས། ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཡུག་རེན་སྲིད་འཛིན་ཛི་ལེན་སིཀི་(Volodymyr Zelenskyy)ནི་དཔའ་བོ་ཞིག་ལ་ངོས་འཛིན་གྱིས། རྒྱལ་ཁབ་མང་པོས་ཁོང་གདན་འདྲེན་ཞུས་ཏེ་ཆེ་མཐོང་སྤྲོད་པ་མ་ཟད། ཡུག་རེན་སྲིད་འཛིན་ཛི་ལེན་སིཀི་སོ་སོའི་རྒྱལ་ཁབ་གྱི་གྲོས་ཚོགས་ནང་གཏམ་བཤད་བྱེད་པར་གདན་འདྲེན་བྱས་ན་སྤོབས་པ་དང་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོང་ལ་དཔལ་འབྱོར་དང་གོ་མཚོན་གྱི་རོགས་རམ་ཕོན་ཆེ་གནང་བ་རེད། དེ་ལས་ལྡོག་ཏེ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་(VladimirPutin)ལ་ཚང་མས་དགྲ་བོའི་འདུ་ཤེས་བཟུང་ནས་ངོ་རྒོལ་བྱས་པ་མ་ཟད། ཁོང་ནི་སྒེར་གཅོད་པ་དང་ཇག་པ་སོགས་ཡིན་ཚུལ་གྱིས་དམའ་འབེབས་བྱས། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཀྱང་ཁོང་ཉིད་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་ཡོད་པ་རེད། ཡིན་ནའང་། ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ལ་སླེབས་རྗེས། ཡོད་ཚད་རྨི་ལམ་ནས་སད་པ་ལྟར་འགྱུར་བ་ཕྱིན་ཏེ། ད་ལྟ་ཡུག་རེན་སྲིད་འཛིན་ཛི་ལེན་སིཀི་(VolodymyrZelenskyy)ནི་སྒེར་གཅོད་པ་དང་ཇག་པ་ལ་གྱུར་པ་དང་། ཁོང་ནི་རྒྱལ་ཁབ་མང་པོས་མཐོང་མི་འདོད་པའི་མི་ཞིག་ཏུ་གྱུར་པ་མ་ཟད། དེ་སྔར་ཁོང་ལ་རྒྱབ་སྐྱོར་ཡོད་ཁུལ་གྱི་མི་མང་པོས་ཁོང་ནི་སོ་སོའི་རྒྱལ་ཁབ་རྩ་མེད་གཏོང་མཁན་གྱིས་མི་ངན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེས་མ་ཚད་ཡུག་རེན་རྒྱལ་ཁབ་ནང་ཁོང་ལ་ལྟ་སྟངས་ཞན་དུ་སོང་བ་མ་ཟད། མི་མང་པོས་ཁོང་ལ་ཁོང་ཁྲོ་ལངས་ཀྱི་ཡོད་པ་གསར་ལམ་ཁག་ནས་ཤེས་ཐུབ། 

དེ་ལས་ལྡོག་སྟེ་ཨུ་རུ་སིའི་སྲིད་འཛིན་པུ་ཊིན་(VladimirPutin) ནི་དེང་སང་དཔའ་བོ་ལྟ་བུའི་ཆེ་མཐོང་ཐོབ་པ་དང་། ཤར་ནུབ་ཀྱི་རྒྱལ་ཁབ་མང་པོས་ཁོང་ལ་བསྟུན་མཁས་བྱེད་འགོ་བརྩམས། གང་ལྟར་ལོ་གསུམ་ལྷག་གི་དམག་འཁྲུག་རྗེས། ཡུག་རེན་གྱི་ས་ཁྱོན་མངའ་ཐང་མང་པོ་ཨུ་རུ་སུའི་ལག་ཏུ་ཤོར་བ་དང་། རྒྱལ་ནང་གི་གཏེར་ཁ་ཐོན་ཁུངས་རྣམས་ཨ་རིའི་ལག་ཏུ་ཤོར་ལ་ཉེ་བ་དང་། མཐར་རྒྱལ་ཁབ་ཁྱོན་ཡོངས་དབུལ་ཕོངས་དང་ནུས་མེད་དུ་བསྒྱུར། ང་ཚོས་མིག་མཐོང་ལག་འཛིན་ཐུབ་པའི་དངོས་བྱུང་གི་གནད་དོན་འདིས་ང་ཚོ་ལ་སློབ་གསོ་ཞིག་གནང་ཡོད་པ་ནི། འཛམ་གླིང་ཁྱོན་ཡོངས་ལ་ཁེ་ཕན་གྱི་ཕྱི་འབྲེལ་མ་གཏོགས་རོགས་ཕན་གྱི་ཕྱི་འབྲེལ་བརྟན་པོ་ཞིག་མེད་པ་མ་ཚད། ཁེ་ཕན་དང་དགོས་མཁོའི་འོག་ལ་ཚང་མ་བློས་གཏོང་གི་ཡུལ་ཡིན་པ་དེ་རེད།།