ཁེའུ་བྷ་མི་མང་གིས་དམར་ཤོག་སྲིད་གཞུང་ལ་སྔོན་ཆད་བྱུང་མ་མྱོང་བའི་ངོ་རྒོལ་ལས་འགུལ་སྤེལ་འདུག
དམར་ཤོག་ཚོགས་པས་དབང་འཛིན་བྱེད་བཞིན་པའི་ཁེའུ་བྷ་རྒྱལ་ཁབ་ནང་དུ། མི་མང་གིས་འཚོ་བའི་དཀའ་ངལ་དང་དྲག་གནོན་ལ་བཟོད་སྲན་བྱེད་ཐབས་མེད་པ་ཆགས་ཡོད་སྐོར་བརྗོད་ནས། དམར་ཤོག་སྲིད་གཞུང་མེད་པ་བཟོ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ལས་འགུལ་དེ་འདྲ་ཞིག་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བྱུང་མྱོང་མེད་པ་རེད་འདུག
ཟླ་༧ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཁེའུ་བྷ་(Cuba) རྒྱལ་ཁབ་ཀྱི་ནང་དུ་ཏོག་དབྱིབས་ནད་དུག་ལ་བརྟེན་ནས། རྒྱུན་ལྡན་གྱི་དཔལ་འབྱོར་ཡོངས་ཁུངས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་མེད་པ་ཆགས་ཡོད་ཁར། དམར་ཤོག་སྲིད་གཞུང་གིས་ནད་དུག་ཁྱབ་གདལ་སྔོན་འགོག་གི་ལས་དོན་ཚགས་ཆུད་སྤེལ་གྱི་མེད་པ། མི་མང་རྣམས་ལ་ཉིན་རེའི་ཟ་ཆས་སོགས་ཉོ་ཆེད་དུ་རིན་གོང་ཆེན་པོ་སྤྲོད་དགོས་ཀྱི་ཡོད་པ། ཨ་རིའི་དཔལ་འབྱོར་ཉེས་ཆད་ལ་བརྟེན་ནས་དགོས་མཁོའི་ཅ་དངོས་ཀྱི་གྲངས་འབོར་ཉུང་ཉུང་། སྲིད་གཞུང་ནས་མི་མང་ལ་དྲག་གནོན་སོགས་ལ་བརྟེན་ནས། ཚེས་༡༡ ཉིན་གླིང་ཕྲན་རྒྱལ་ཁབ་དེའི་ནང་གི་གྲོང་ཁྱེར་གཅིག་ནང་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ལས་འགུལ་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐད་གཏོང་བྱས་འདུག དེའི་རྗེས་སུ་རྒྱལ་ཁབ་དེའི་རྒྱལ་ས་དང་གྲོང་ཁྱེར་དང་གྲོང་གསེབ་ཁག་གི་ནང་དུ། མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་འདུག
དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ཕྱི་ལོ་༡༩༥༣ ལོ་ནས་ད་བར་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་དེ་འདྲ་སྤེལ་བ་ཐེངས་དང་པོ་ཡིན་སྲིད་སྐོར་བརྗོད་བཞིན་འདུག
ངོ་རྒོལ་ལས་འགུལ་བ་ཚོས་རྒྱལ་ཁབ་དེའི་ནང་འགྱུར་བ་དགོས་པ་དང་། རང་དབང་དགོས་པ་སོགས་ཀྱི་ངོ་རྒོལ་འབོད་ཚིག་བསྒྲགས་འདུག རྒྱལ་ཁབ་དེའི་སྲིད་འཛིན་གྱིས་ངོ་རྒོལ་ལས་འགུལ་བ་དེ་དག་ནི་ཨ་རིས་ཆེད་དུ་མངགས་ནས་རྒྱལ་ཁབ་བརྟན་ལྷིངས་མེད་པ་བཟོ་ཆེད་དུ་བཏང་བའི་ལས་དོན་མི་སྣ་ཡིན་སྐོར་བརྗོད་ནས། མི་མང་ཚོས་ཁོ་ཚོར་ཁ་གཏད་བཅག་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བྱས་འདུག་པས། སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་ཚོ་ཕྱིར་ཐོན་ནས་ཁྲོམ་སྐོར་ལས་འགུལ་སྤེལ་འདུག རྗེས་སུ་ཉེན་རྟོག་པ་སླེབས་ནས་གཞུང་ལ་ངོ་རྒོལ་བྱེད་མཁན་མང་པོ་འཛིན་བཟུང་བྱས་ནས་ལས་འགུལ་བཀག་སྡོམ་བྱས་འདུག དེ་བཞིན་དྲ་རྒྱ་བཀག་སྡོམ་བྱས་ཏེ་ད་ལྟའི་ཆར་ལས་འགུལ་མཚམས་བཅད་ཐུབ་ཡོད་ཀྱང་། རྗེས་སུ་གནས་སྟངས་གང་འདྲ་ཆགས་མིན་སོགས་ཚོད་དཔག་བྱེད་རྒྱུ་དཀའ་བ་ཡིན་འདུག
ཁེའུ་བྷ་རྒྱལ་ཁབ་ནང་དུ་རྒྱ་ནག་ལྟར། དམར་ཤོག་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཚེ་བཙོན་འཇུག་སོགས་ཀྱི་ཉེས་ཆད་དྲག་པོ་གཏོང་གི་ཡོད་པ་རེད། ཨ་རིའི་སྲིད་གཞུང་གིས་ཁེའུ་བྷའི་མི་མང་ལ་ཞི་བའི་ཐོག་ནས་འདུ་འཛོམས་དང་ངོ་རྒོལ་ལས་འགུལ་སྤེལ་བའི་རང་དབང་ཡོད་པས། གཞུང་གིས་དྲག་གནོན་བྱེད་མི་རུང་སྐོར་བརྗོད་འདུག
ཝི་ནི་ཛུ་ལ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་ཁེའུ་བྷའི་སྲིད་གཞུང་ལ་རྒྱབ་སྐྱོར་གང་དགོས་བྱེད་རྒྱུ་ཁས་ལེན་བྱས་འདུག་པ་དང་། མེག་སི་ཁོ་དང་ཨུ་རུ་སུ་སྲིད་གཞུང་གིས་ཁེའུ་བྷའི་ནང་སྲིད་གནད་དོན་ལ་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་བྱུས་བྱེད་མི་རུང་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།