ཁོང་གིས་ལོ་ངོ་༣༥ ལྷག་རིང་༧གོང་ས་མཆོག་གི་པར་པའི་ཕྱག་ལས་གནང་འདུག

༧གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་པ་དང་སྟབས་བསྟུན། ལོ་ངོ་༣༥ ལྷག་༧གོང་ས་མཆོག་གི་པར་པའི་ཕྱག་ལས་གནང་མྱོང་མཁན་སུད་སིའི་པར་པ་གྲགས་ཅན་ཞིག་གིས་༼ཏཱ་ལའི་བླ་མ་༽ ཞེས་པའི་སྐུ་པར་ཕྱོགས་སྒྲིག་གི་ཕྱག་དེབ་གཅིག་དབུ་འབྱེད་གནང་འདུག

པར། ནོ་ཝེ་བོད་ཀྱི་རླུང་འཕྲིན་ཁང་།

ཟླ་འདིའི་ཚེས་༢ ཉིན། ཕྱི་ལོ་༡༩༩༠ ནས་༢༠༢༤ བར་ཁྱོན་ལོ་ངོ་༣༥ ལྷག་༧གོང་ས་མཆོག་གི་པར་པའི་ཕྱག་ལས་གནང་མྱོང་མཁན་སུད་སིའི་པར་པ་གྲགས་ཅན་(Manuel Bauer) མཆོག་གིས་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་༼ཏཱ་ལའི་བླ་མ་༽ ཞེས་པའི་སྐུ་པར་ཕྱོགས་སྒྲིག་གི་ཕྱག་དེབ་ཅིག་དབུ་འབྱེད་གནང་ཡོད་འདུག

དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དགེ་རྩ་ཚོགས་པ་ནས་བསྟན་འཛིན་སྲས་པོ་དང་། དེ་བཞིན༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་འབའ་པ་སྐལ་བཟང་རྒྱལ་མཚན་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་སོགས་ཆེད་ཕེབས་གནང་ཡོད་འདུག་པ་དང་།

པར་དེབ་དེ་དགའ་ལྡན་ཕོ་བྲང་དགེ་རྩས་རྩོམ་སྒྲིག་གནང་ཞིང་། ༧སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པས་བརྙན་པར་ངོ་སྤྲོད་ཀྱིས་མཆན་བསྐྱོན་ཡོད་པ་མ་ཟད། སུད་སིའི་གསར་འགོད་པ་གྲགས་ཅནChristian Schmidt ཞེས་པས་པར་རིས་འགྲེལ་བརྗོད་གནང་འདུག

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་པར་པ་ཁོང་ལ་བཅར་འདྲི་ཞིག་བྱས་པའི་ནང་། ཁོང་གིས་ཐེངས་འདིའི་པར་དེབ་གསར་པ་འདི་ནི་སྐུ་ཞབས་ཁོང་གིས་ཕྱི་ལོ་༡༩༩༠ ནས་བཟུང་མི་ལོ་༣༥ ལྷག་གི་རིང་། ༸གོང་ས་མཆོག་དང་ཐུགས་ཐག་ཉེ་བོའི་ཐོག་བླངས་པའི་སྐུ་པར་ཕྱོགས་སྒྲིག་གི་པར་དེབ་ཐོག་མ་དེ་ཡིན་པ་དང་། པར་དེབ་དེའི་ནང་༸གོང་ས་མཆོག་གི་སྐུ་པར་རྙིང་པ་དང་ཡིག་ཚགས་རྣམས་ཕྱོགས་སྒྲིག་གནང་བ་མ་ཟད། སྐུ་པར་ཁག་གཅིག་ནི་ཉེ་དུས་ཕྱི་ཟླ་༡༡ པའི་ནང་བླངས་པ་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། པར་དེབ་དེའི་བརྒྱུད་བོད་དོན་ཐོག་ཕན་ཐོགས་ཡོང་བའི་རེ་བ་ཞུ་ཡི་ཡོད་སྐོར་གསུངས་འདུག

སྤྱིིར་པར་པ་གྲགས་ཅན་ཁོང་ནི་ཕྱི་ལོ་༡༩༦༦ ལོར་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་སྐྱེས་ཤིང་། སུད་སི་ལ་ཡོད་པའི་བོད་མི་ཚོ་དང་འབྲེལ་བ་ཟབཅིང་། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཆགས་ཡོད་པ་མ་ཟད་བོད་ནང་དུ་ཡང་ཐེངས་གསུམ་ཙམ་འགྲོ་མྱོང་ཡོད་འདུག ལྷག་པར་དུ་༧གོང་ས་མཆོག་ལ་དད་གུས་ཆེན་པོས་འདས་པའི་ལོ་མང་གི་རིང་། ༧གོང་ས་མཆོག་གི་བཀའ་ཆོས་གནང་ས་སོགས་སུ་ཕྱིན་ནས་པར་ལེན་བྱས་ཡོད་འདུག

ཁོང་གིས་དེ་སྔོན་༸གོང་ས་མཆོག་གི་སྐོར་ཞི་བདེའི་འགྲུལ་བཞུད་(Journey of Peace) ཅེས་པའི་པར་དེབ་ཅིག་བརྩམས་ཡོད་པ་མ་ཟད། བོད་ནས་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ་མཚོན་པའི་གློག་བརྙན་ དབྱངས་སྒྲོན་གྱི་འགྲུལ་བཞུད་(Yangdol’s Journey) ཅེས་པ་ཞིག་བཟོ་མྱོང་ཡོད་འདུག ན་ནིང་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happniess) ་ཅེས་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གྱི་བཟོ་སྐྲུན་པ་བཞི་ནས་གཅིག་ཁོང་ཆགས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།