ཁྱིམ་ཚང་ཞིག་གིས་ལོ་ངོ་༥༠ ལྷག་བཟུང་བའི་སི་རི་ཡའི་སྲིད་གཞུང་མཇུག་བསྡུས།
སི་རི་ཡའི་ནང་གི་གྱེན་ལོག་ཤོག་ཁག་ཅིག་གིས་དུས་ཡུན་བདུན་ཕྲག་གཉིས་ཙམ་གྱི་རིང་སི་རི་ཡའི་སྲིད་གཞུང་ལ་ཚུར་རྒོལ་བྱས་ནས། ཁྱིམ་ཚང་ཞིག་གིས་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་དབང་བསྒྱུར་བྱས་པའི་སི་རི་ཡའི་སྲིད་གཞུང་མགོ་རྟིང་བསླགས་པ་དང་། ཡུལ་དེའི་སྲིད་འཛིན་ཨུ་རུ་སུ་ལ་བྲོས་བྱོལ་དུ་ཕྱིན་ཏེ་ཆབ་སྲིད་སྐྱབས་བཅོལ་ཞུ་དགོས་པ་བཟོས་ཡོད་འདུག
ཟླ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ན་༥༩ ཡིན་པའི་སི་རི་ཡའི་སྲིད་འཛིན་བྷ་ཤར་ཨ་ས་ཊི་ནི། ཕྱི་ལོ་༢༠༠༠ ལོར་ཁོའི་ཨ་ཕ་འདས་གྲོངས་སུ་ཕྱིན་པ་ནས་བཟུང་སི་རི་ཡའི་སྲིད་འཛིན་བཅུ་དགུ་པའི་འགན་ཁུར་ཡོད་འདུག ཁོའི་ཨ་ཕས་ཕྱི་ལོ་༡༩༧༡ ནས་ཕྱི་ལོ་༢༠༠༠ ལོར་ཁོང་ཉིད་མ་གྲོངས་བར་ཡུལ་དེའི་སྲིད་འཛིན་བྱས་ཏེ། ཁྱིམ་ཚང་དེས་འདས་པའི་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་སི་རི་ཡའི་གཞུང་བཟུང་ཡོད་འདུག
ཕྱི་ཟླ་༡༡ ་ཚེས་༢༧ ཉིན་སི་རི་ཡའི་གྱེན་ལོག་ཤོག་ཁ་(HTS) གཙོས་པའི་རྒྱབ་སྐྱོར་བ་ཚོས་སི་རི་ཡའི་བྱང་དང་ནུབ་ཕྱོགས་ནས་གཞུང་ལ་ཚུར་རྒོལ་བྱེད་འགོ་བཙུགས་ནས་ཉིན་གསུམ་གྱི་མཚམས་སུ། སི་རི་ཡའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཨེ་ལེ་པོ་(Aleppo) ལ་དབང་བསྒྱུར་བྱས་རྗེས། ཟླ་འདིའི་ཚེས་༨ ཉིན་གྱི་ཞོགས་པར། སི་རི་ཡའི་རྒྱལ་སའི་ནང་ཐོག་མར་འཛུལ་ནས་སི་རི་ཡའི་ནང་གི་སྡུག་རྩུབ་ཆེ་ཤོས་ཀྱི་དམག་གི་བཙོན་ཁང་ནང་གི་བཙོན་པ་རྣམས་གློད་བཀྲོལ་བཏང་ནས་ཆུ་ཚོད་གཉིས་ཙམ་གྱི་རྗེས། གྱེན་ལོག་ཤོག་ཁག་གིས་ཡུལ་དེའི་སྲིད་འཛིན་བྲོས་བྱོལ་དུ་ཕྱིན་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག སྐབས་དེར་ཡུལ་མི་སྟོང་ཕྲག་མང་པོ་གཞུང་ལམ་ཐོག་ཏུ་ཐོན་ནས་སྲིད་གཞུང་མགོ་རྟིང་བསླགས་པའི་དགའ་སྟོན་ལ་རོལ་ཡོད་འདུག་པ་དང་། ད་ལྟའི་ཆར་ཡུལ་དེའི་སྲིད་འཛིན་དང་ཁོའི་ནང་མི་རྣམས་ཨུ་རུ་སུ་ལ་འབྱོར་ནས་ཆབ་སྲིད་སྐྱབས་བཅོལ་ཞུས་ཡོད་འདུག
སི་རི་ཡའི་རྒྱལ་ཁབ་ནང་གི་དམག་གི་བཙོན་ཁང་དེ་ནི་སྡུག་རྩུབ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བརྗོད་གསལ་ལྟར་ན། བཙོན་ཁང་དེའི་ནང་དུ་བདུན་ཕྲག་གཅིག་གི་ནང་། བཙོན་པ་༢༠ ནས་༣༠ ཙམ་སྲོག་ཐོག་གཏོང་གི་ཡོད་པ་དང་། ཕྱི་ལོ་༢༠༡༡ ནས་༢༠༡༥ བར་ལོ་ངོ་ལྔ་ཙམ་གྱི་རིང་། བཙོན་པ་༥༠༠༠ ནས་༡༣༠༠༠ བར་སྲོག་ཐོག་བཏང་ཡོད་འདུག
དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་བརྗོད་གསལ་ལྟར་ན། གྱེན་ལོག་ཤོག་ཁ་དེས་ཚུར་རྒོལ་བྱས་པ་ནས་བཟུང་། མི་སེར་༡༣༨ གཙོས་པའི་མི་གྲངས་༩༡༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག
ཕྱི་ལོ་༢༠༡༡ ལོ་སི་རི་ཡའི་མི་མང་གིས་སྲིད་གཞུང་ལ་མི་འདོད་པའི་རྣམ་འགྱུར་བསྟན་ནས། ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བར། སྲིད་གཞུང་གིས་དྲག་གནོན་དང་། ངོ་རྒོལ་བ་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ནས་སི་རི་ཡའི་ནང་འཁྲུག་འགོ་བཙུགས་ཡོད་འདུག ནང་འཁྲུག་དེའི་ནང་དུ་མི་གྲངས་འབུམ་ལྔ་ལྷག་གི་ཚེ་སྲོག་ཤོར་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། ཟིང་འཁྲུག་ནང་གི་འཆི་གྲངས་མང་ཤོས་གཉིས་པ་དེ་གྱུར། ནང་འཁྲུག་དེར་བརྟེན་ནས་ཡུལ་མི་ས་ཡ་དྲུག་དང་འབུམ་ལྔ་ལྷག་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་མ་ཟད། རྒྱལ་ནང་དུ་ཡུལ་མི་ས་ཡ་༡༣ ཙམ་གྱིས་རང་ཁྱིམ་དོར་ནས་ས་གནས་གཞན་ལ་སྤོ་དགོས་བྱུང་ཡོད་འདུག
སི་རི་ཡའི་ནང་ཆོགས་ལུགས་མ་འདྲ་བའི་ཚོགས་སྡེ་དང་དྲག་དཔུང་གི་ཚོགས་སྡེ་མང་བ། རྒྱུན་དུ་ཚོགས་སྡེ་ཕན་ཚུན་མ་མཐུན་པས་ཟིང་འཁྲུག་ཡང་ཡང་ཡོང་གི་ཡོད་འདུག་ལ། ཟིང་འཁྲུག་དེ་དག་གི་ནང་དུ་ཨ་རི་དང་ཨུ་རུ་སུ། ཨི་རན་དང་ཏུར་ཀི་དང་ཨི་སི་རེལ་བཅས་ཀྱིས་ལག་པ་འཆང་གི་ཡོད་འདུག
མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་སྐབས་དེར་གཞུང་ལ་ཁ་གཏད་གཅོག་མཁན་གྱི་དྲག་པོའི་ཚོགས་པ་ཡང་རེ་གཉིས་ཤིག་བྱུང་ཞིང་། ཚོགས་པ་དེ་དག་ལ་ནེ་ཊོ་ནས་གོ་མཚོན་དང་དཔལ་འབྱོར་གྱི་རོགས་རམ་ལེན་གྱི་ཡོད་འདུག ཕྱོགས་གཞན་ནས་ཨི་རན་དང་ཨུ་རུ་སུས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པར་བརྟེན་ནས་ད་བར་གཞུང་འཛིན་ཐུབ་པ་ཆགས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་སི་རི་ཡའི་སྲིད་གཞུང་གིས་དཔལ་འབྱོར་དང་ཆབ་སྲིད། དམག་དོན་དང་ཕྱི་འབྲེལ་བཅས་མཐུན་ཕྱོགས་རྒྱལ་ཁབ་ཨི་རན་དང་ཨུ་རུ་སུ་ལ་ཤུགས་ཆེན་བརྟེན་བཞིན་ཡོད་པ་དང་། ཉེ་ཆར་གྱེན་ལོག་ཤོག་ཁག་གིས་སྲིད་གཞུང་ལ་ཚུར་རྒོལ་བྱེད་པའི་སྐབས། ཨུ་རུ་སུ་ནི་ཡུག་རེན་གྱི་དམག་འཁྲུག་ནང་ལྷུང་བཞིན་ཡོད་པར་བརྟེན། སི་རི་ཡའི་སྲིད་གཞུང་ལ་དེ་སྔ་བཞིན་རོགས་རམ་བྱེད་ཐུབ་མེད་པ་དང་། རྒྱུན་དུ་ཨི་རན་གྱི་གོ་མཚོན་དང་དམག་གི་རོགས་རམ་བྱེད་ཀྱི་ཡོད་ན་ཡང་། ཉེ་བའི་ལོ་ཤས་ནང་། ཨི་རན་གྱིས་རྒྱབ་སྐྱོར་བྱེད་བཞིན་པའི་ཧེ་ཛི་བྷོ་ལ་དྲག་དཔུང་དང་ཨི་སི་རེལ་བར་དམག་འཁྲུག་ཁྲོད། ཧེ་ཛི་བྷོ་ལའི་དམག་མི་མང་པོ་ཤི་ཡོད་པ་མ་ཟད། དམག་མི་གང་མང་ཞིག་ཨི་སི་རེལ་དང་ལེ་བྷན་ནོན་གྱི་ས་མཚམས་སུ་གཏོང་དགོས་བྱུང་ཡོད་པ་བཅས། སི་རི་ཡའི་སྲིད་གཞུང་ལ་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱབ་སྐྱོར་མ་འདང་བ་དང་། དེ་བཞིན་སི་རི་ཡ་ནི་ནང་འཁྲུག་དང་ལྐོག་ཟ་རུལ་སུངས། ཨ་རི་སོགས་ཀྱིས་དཔལ་འབྱོར་ཉེས་ཆད་བཀའ་བས་སི་རི་ཡའི་སྲིད་གཞུང་ལ་འཛུགས་སྐྲུན་གྱི་ལས་གཞི་དང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་བཞིན་པ་སོགས་ལ་བརྟེན་ནས་ཕམ་ཁ་བྱུང་ཡོད་པར་བརྗོད་འདུག
ཨི་སི་རེལ་གྱི་སྲིད་བློན་གྱིས་སི་རི་ཡའི་སྲིད་གཞུང་མགོ་རྟིང་བསླགས་པ་དེ་ཨི་སི་རེལ་གྱིས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཨི་རན་དང་ཧེ་ཛི་བྷོ་ལ་གཉིས་ལ་གནོད་འཚེ་ཚབས་ཆེན་བཏང་བའི་འབྲས་བུ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད་ཅེས་བརྗོད་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་སྲིད་གཞུང་མགོ་རྟིང་བསླགས་པ་ནི་དྲང་བདེན་གྱི་བྱ་བ་ཞིག་དང་། ཡུན་རིང་དཀའ་སྡུག་མྱོང་བཞིན་པའི་སི་རི་ཡའི་མི་དམངས་ཀྱིས་མ་འོངས་པར་རྒྱལ་ཁབ་ཡག་པོ་ཞིག་བསྐྲུན་རྒྱུའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཡིན་པ་མ་ཟད། ཉེན་ཁ་དང་ངེས་མེད་ཀྱི་དུས་སྐབས་ཤིག་ཀྱང་རེད་ཅེས་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།