ཁྱེད་ཀྱི་ཀླད་པ་ངས་བཟོ་དགོས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༣ ཕྱི་ལོ་ ༢༠༢༠/༡༢/༢༣
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་ནས་འདས་པའི་ཟླ་བ་ཁ་ཤས་རིང་། འོས་གཞི་འདྲ་མིན་སྣ་ཚོགས་ཆར་བ་འབབ་འབབ་བྱེད་བཞིན་འདུག མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་རང་ཉིད་ལ་དབང་བའི་ཐོབ་ཐང་དེ་ལོངས་སུ་སྤྱོད་དགོས་པ་དང་། གཞན་གྱི་ཆེ་མཐོང་དང་རང་དབང་ལའང་གུས་བརྩི་བྱེད་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། འདས་པའི་ལོ་རྒྱུས་ནང་ཆོལ་ཁ་གསུམ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འོས་གཞི་བཟོ་བ་དང་། རེ་ཟུང་གིས་འོས་གཞི་དེའི་ནང་དུ་སླེབས་ཐུབ་པར་ཆོལ་ཁའི་ཞེན་ཁོག་དགོས་པའི་ཆ་རྐྱེན་འཇོག་མཁན་ཡང་ཡོད་མྱོང་བ་རེད། གང་ལྟར་རིམ་པས་སྤྱི་ཚོགས་ནང་སྒྲིག་འཛུགས་དེ་དག་གིས་འོས་གཞི་བཏོན་པ་ཙམ་ལས། དོན་གྱིས་འོས་ཤོག་འཐོབ་པར་ཤུགས་རྐྱེན་ཆེན་པོ་གང་ཡང་ཐེབས་ཐུབ་ཀྱི་མེད་མོད། དེ་ལ་བརྟེན་ནས་སྤྱི་ཚོགས་ཁྱོན་ཡོངས་དང་། ཆོལ་ཁ་ནང་ཁུལ་དང་། མི་རབས་གསར་རྙིང་བར་འཐེན་འཁྱེར་གྱི་བསམ་བློ་ཤུགས་ཆེན་པོ་ཆགས་པའི་གཞི་རྩ་ཞིག་ཏུ་གྱུར་ཡོད།
དེ་ལ་བརྟེན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ པའི་ནང་གསེས་༧ པའི་ཀ་པ། “ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་། ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག”ཅེས་པ་འདི་ཉིད་མང་མོས་ཚད་མཐོའི་ཐོག་ནས་གསར་སྣོན་བྱས་པ་བརྒྱུད། ལོ་འདིར་འོས་བསྡུ་ཆེན་མོའི་ལས་རིམ་འདིའི་ནང་རྩོད་རྙོག་ཆེན་པོ་གང་ཡང་བྱུང་མེད། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བྱེད་པར་ཉིན་གྲངས་༡༡ ལས་མེད་པ་དང་། དུས་ཡུན་འདིའི་ནང་རྩོད་རྙོག་ཆེན་པོའི་རིགས་མི་ལྷགས་པའི་རེ་བ་འདུག བཙན་བྱོལ་བོད་པ་རྣམས་ནི་གཞན་གྱི་ལུང་པར་སྐྱབས་བཅོལ་བའི་གནས་བབས་ཤིག་ཏུ་ཡོད་པས། རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་བྱེད་སྟངས་དང་གཅིག་མཚུངས་ཡོང་ཐབས་མེད་ལ། དེ་ལ་ལད་མོ་ཙམ་བྱས་པ་དེ་ཡང་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་གི་ཁོར་ཡུག་དང་འཚམ་པོ་མེད།
ད་ལྟའི་ཆར་ཆོལ་ཁ་ཆོས་བརྒྱུད་དང་། ཕྱི་རྒྱལ་ཡུལ་ཁག་བཅས་ཀྱི་སྤྱི་འཐུས་འོས་གཞི་འདྲ་མིན་འདོན་བཞིན་པ་ཕལ་ཆེ་བ་ནི་མིང་མེད་མཁན་རེད་འདུག འོས་གཞི་ཁྱབ་བསྒྲགས་བྱེད་མཁན་གྱི་མིང་དངོས་སུ་བཏོན་ནས་འགྲེམས་སྤེལ་བྱས་པ་ནི། མང་གཙོ་དང་རང་དབང་ལ་འགན་ཁུར་བ་ཞིག་ཡིན་པ་དང་། མིང་མེད་འོས་གཞི་འདྲ་མིན་སྣ་ཚོགས་འདོན་པ་ནི་དོགས་པ་སྐྱེ་གཞི་ཙམ་ལས། མང་གཙོའི་སྤྱི་ཚོགས་ནང་རང་ཉིད་ལ་ཐོབ་ཐང་ཡོད་པ་དེ་ལེན་ཆོག་པས། དེ་ལ་སྦས་སྦས་སྐུང་སྐུང་དང་། ལྐོག་ལྐོག་སུད་སུད་བྱེད་དགོས་དོན་གང་ཡང་མེད་བཞིན་དུ་དེ་ལྟར་བྱས་པ་ནི་ཐེ་ཚོམ་དང་དོགས་པའི་གནས་སུ་གྱུར་ཡོད། རང་ཉིད་ཀྱི་མིང་དངོས་སུ་བཀོད་ནས་འོས་གཞི་འདོན་པ་ནི་སྤྱི་ཚོགས་དང་རང་ཉིད་ལ་འགན་ཁུར་བ་ཞིག་ཏུ་གྱུར་ཡོད་ཅིང་། གཞན་ལྷག་བསམ་ཅན་ཟེར་བ་དང་། གནད་ཡོད་མི་སྣ་ཁག་ཅིག་ཟེར་བ་དང་། ན་གཞོན་ཁག་ཅིག་ཟེར་བ་སོགས་མིང་དངོས་སུ་འགོད་མི་ཕོད་མཁན་དག་ལ་མཚོན་ན། འོས་གཞིའི་དེའི་ཐོག་ལ་གཞན་ལྟ་ཅི་རང་ཉིད་ལའང་ངོ་གནོང་དགོས་པ་ཞིག་ཡོད་པའི་རྟགས་རེད།
ད་དུང་དེ་ལས་ཉེན་ཁ་ཆེ་ཙམ་ཞིག་ལ་མིང་མེད་པའི་འོས་གཞི་འདོན་མཁན་གྱི་ནང་དུ་ཆེད་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་དཀྲུག་ཐབས་བྱེད་མཁན་ཡང་ཇི་སྙེད་ཅིག་ཡོད་ཚོད་འདུག་པ་དང་། འོས་མི་ནང་ཚན་དུ་དཀྲུག་ཤིང་རྒྱག་ཆེད་དང་། དེ་ལ་བརྟེན་ནས་ལུང་ཚན་དང་ཆོལ་ཁ་བཅས་ཀྱི་བར་དཀྲུག་ཤིང་རྒྱག་རྒྱུའི་ཀུན་སློང་ཡོད་མཁན་མང་པོ་ཞིག་ཀྱང་ཡོད་ཚོད་འདུག མི་ཁག་ཅིག་གིས་དེ་རིང་འོས་གཞི་ཅུང་ནུས་པ་ཡོད་མཁན་གཅིག་གི་ཕྱོགས་གཏོགས་ཡིན་ཁུལ་གྱིས་དེ་དང་འབྲེལ་ཡོད་འབའ་ཞིག་འགོད་པ་དང་། སང་ཉིན་འོས་མི་ནུས་པ་ཅུང་ཡོད་མཁན་གཞན་ཞིག་གི་ཕྱོགས་གཏོགས་ཡིན་ཁུལ་དེ་དང་འབྲེལ་ཡོད་ཀྱི་འོས་གཞི་ཁག་ཅིག་བཏོན། མི་མང་ནང་ཤུགས་རྐྱེན་ཡོད་པའི་འོས་མི་ཁག་ཅིག་བེད་སྤྱད་ནས་འོས་མི་ནང་ཁུལ་དུ་འགལ་ཟླ་བཟོ་ཐབས་བྱེད་མཁན་ཡོད་པ་ནི་ཧ་ཅང་གསལ་པོ་རེད། དེ་དག་ལ་དོ་སྣང་བྱེད་མ་ཐུབ་ན་གཞི་རྩ་གཏན་ནས་མེད་པའི་རྩོད་རྙོག་མང་པོ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་དང་། དེའི་རྒྱབ་ལྗོངས་སུ་རྒྱ་གཞུང་གི་ལག་པ་ཡོད་པའི་དོགས་པའང་བྱེད་མི་ཆོག་པ་ཞིག་གཏན་ནས་མ་རེད།
མདོར་ན་འོས་གཞི་འདོན་པ་ནི་གོ་རྟོགས་སྤེལ་ཐབས་སུ་ངོས་འཛིན་བྱེད་ཆོག་ཀྱང་། འོས་གཞི་འདོན་མཁན་ཁོ་རང་གོ་རྟོགས་ཡོད་མཁན་དང་། འོས་གཞི་འགྲེམས་སྤེལ་བྱེད་ཡུལ་ནི་གོ་རྟོགས་སྤེལ་ཡུལ་དུ་བརྩིས་པ་རེད། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མི་ཕལ་ཆེ་བས་རང་ཉིད་གོ་རྟོགས་ཡོད་མཁན་ཡིན་པས་གཞན་ལ་གོ་རྟོགས་སྤེལ་བའམ། མགོ་སྐོར་གཏོང་ཨེ་ཐུབ་བལྟ་དགོས་བསམ་མཁན་ཞིག་ལས་མེད་པ་ལྟ་བུར་གྱུར་ཡོད། གལ་སྲིད་མི་གཞན་ཞིག་གིས་ཁྱེད་ལ་ཆོལ་ཁའི་སྤྱི་འཐུས་མི་བཅུ་འཁོད་པའི་ཤོག་བུ་ཞིག་གམ། ཡང་ན་ཁ་པར་ནང་ནས་བཏང་བྱུང་ན། དེས་ཁྱེད་ཀྱི་བསམ་བློའམ། ཀླད་པ་དེ་ངས་བཟོ་དགོས་ངེས་རེད། ཁྱེད་རྨོངས་པ་རེད་ཅེས་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད། འོས་མི་རེ་ཟུང་ཙམ་ལ་རྒྱབ་སྐྱོར་བྱེད་རོགས་ལབ་ན་བསམ་བློ་གཏོང་དགོས་པ་ཞིག་ཡིན་སྲིད་ཀྱང་། ཁྱེད་ཀྱིས་བསམ་བློ་གཏན་ནས་གཏོང་མི་དགོས་པར་འོས་མི་ཡོངས་རྫོགས་ངའི་ངག་ལ་ཉན་དགོས་ཞེས་རེ་བ་བརྒྱབ་པ་ནི། མཐོང་ཆུང་ཁོ་ན་ཡིན་པས་འོས་འཕེན་པ་རྣམས་ཀྱིས་གཏན་ནས་དང་ལེན་བྱེད་མི་རུང་བ་ཞིག་རེད།།