ཁྱེད་རང་གིས་གོ་མ་མྱོང་བའི་བོད་པའི་བུ་ཞིག་གྲོངས་པའི་ལོ་རྒྱུས།
བོད་མིའི་སྒེར་ལངས་ཐེངས་ 56 པའི་བདུན་ཕྲག་གཅིག་གི་གོང་ལ་རང་ལོ 16 ཅན་ཞིག་ཨུ་ཏར་ཁཱན་ Uttarakhand དུ་རང་ལུས་མེར་སྲེག་བཏང་ཡོད། ཅི་བྱས་ནས་ཁོ་རང་གིས་སོ་སོའི་ཚེ་སྲོག་བཅད་པ་རེད་དམ། ག་རེ་བྱས་ནས་ང་ཚོས་དེའི་སྐོར་མ་གོ་བ་རེད་དམ།
ཕྱི་ཟླ་གཉིས་པའི་ཚེས 29 ཉིན་བོད་ཀྱི་བུ་ལོ་ན 16 ཡིན་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཨུ་ཏར་ཁཱན་དུ་ཁོ་རང་གི་སྤོ་སྤོའི་སྡོད་ཁང་དང་ཐག་ཉེ་ས་ཞིག་ཏུ་གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་བསྲེགས་ཡོད། ཉིན་མོ་དེ་རང་ལ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་(ཟེར་བའི་)ཁུལ་དུ་བོད་མི་དགེ་འདུན་པ་རང་ལོ 18 ཡིན་པ་བསྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས། བོད་རང་བཙན་གཙང་མ་ཡིན་ཞེས་འབོད་སྒྲ་བསྒྲགས་ཡོད།
རྒྱ་གར་བརྒྱུད་ལམ་ཁག་ནས་ཁོང་གཉིས་ཤི་བ་དེར་འོས་བབས་ཡོད་པའི་དོ་སྣང་རག་མེད་པར། ཁོང་གཉིས་གྲོངས་པའི་དུས་ཚོད་དེར་འཇའ་ཝ་ཧལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་དང་། གཡས་ཕྱོགས་ཤོག་ཁག་གཉིས་ཀྱིས་རྒྱལ་ཞེན་རིང་ལུགས་ལ་ངོ་རྒོལ་གྱི་འགྲེལ་བཤད་ཤུགས་ཆེན་བརྩོན་པ་དེས་རྒྱལ་ཁབ་འཇིགས་དངངས་ཀྱིས་ཅི་བྱ་རྟོལ་མེད་དུ་གྱུར་པའི་སྐབས་འཁེལ་ཡོད།
བོད་པ་སྟོང་ཕྲག་ཁ་ཤས་སྐྱབས་བཅོལ་ལ་གནས་སྡོད་བྱེད་པའི་ཁྲོད་ནས་འདས་གྲོངས་སོང་བ་ཚོ་ཧ་མ་གོ་བ་བྱུང་མེད། ཁོང་ཚོའི་དོན་དུ་ཁོང་གཉིས་གྲོངས་སོང་བ་ནི། ཕྱི་ཟླ་གསུམ་པའི་ཚེས་བཅུ་སྟེ། ཁོང་ཚོའི་རྒྱལ་ཁབ་ཀྱི་བོད་མིའི་སྒེར་ལངས་ཐེངས་ 56 པའི་དམ་བཅའ་མདུན་ཕྱོགས་ལ་ཚ་ནན་གྱིས་དྲན་སྐུལ་བྱེད་མཁན་ཡིན།
“རྒྱ་གར་རམ། བོད། ཨ་རི། དེ་མིན་འཛམ་གླིང་གང་དུ་སྐྱེས་རུང་བོད་ཕྲུག་ཚང་མས་ག་རེ་བྱུང་བ་ཧ་གོ་ཡི་རེད། རྒྱ་ནག་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ཟེར་ཡང་། བོད་ནི་བོད་མི་མང་ལ་དབང་གི་ཡོད་ཅིང་། བཙན་འཛུལ་དང་དེའི་དོན་དངོས་ཕྲུ་གུ་ཚོ་ལ་སྦས་སུ་མེད་པར། ཁོང་ཚོ་ནི། ང་ཚོ་གཉན་འཕྲང་ཅན་གྱི་གནས་སྟངས་ནང་ཡོད་པ་ཤེས་རྟོགས་ཡོད་མཁན་ཡིན།” ཞེས་རྡོ་རྗེ་ཚེ་རིང་གི་སྲིང་མོ་ལོ་ན་ 26 ཡིན་པ་བསམ་གཏན་སྒྲོལ་མས་བཤད་ཡོད།
ཐོག་མར་བོད་དབུས་གཙང་ཁུལ་ནས་ཡིན་པའི་ཚེ་རིང་གི་ནང་མི་ཧི་མ་ཅཱལ་Himachal Pradesh,མངའ་སྡེའི་མ་ནཱ་ལིའི་ཚ་གཡོལ་ཁུལ་དུ་གཞིས་ཆགས་ཏེ། ཨུ་སུའི་སྟོད་ཐུང་གི་ཚོང་ལས་ཆུང་ངུ་ཞིག་གཉེར་གྱི་ཡོད།
སྒྲོལ་མས་”ནང་མི་མི་ཚེ་དངོས་གནས་དཀྱུས་མ་ཡིན་ཞིང་། ཆབ་སྲིད་ལ་དོ་དབྱིངས་ནམ་ཡང་བྱས་མྱོང་མེད། ཚེ་རིང་གིས་ཇི་ལྟར་བྱས་ནས་མཐའ་ཟད་པའི་འདུན་པ་དང་། ཧ་ཅང་ཐལ་ཆེ་བའི་གོམ་པ་དེ་འདྲ་ཞིག་བརྒྱབ་པ་དེ་སུས་ཀྱང་འགྲེལ་བཤད་མི་ཐུབ་པ་ཞིག་རེད་ཅེས་བཤད།
སྒྲོལ་མས་”ཕྱི་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་དོན་རྐྱེན་སྐོར་ཕྱིར་དྲན་བྱས་ནས་བཤད་པར། “རྡེ་ར་རྡུན་ནས་ཆུ་ཚོད་གཅིག་གི་བར་ཐག་ཡོད་པའི་ཧེར་བྷེར་པུར་ན་གྷར་པཱན་ཆེ་ཡ་ཊི་ལ་ནང་མི་ཚང་མ་འཛོམས་པ་ཡིན། ཚེ་རིང་གི་སྤོ་ལགས་སྨན་ཁང་ནང་སྐྲན་ནད་ཀྱི་དཀའ་སྡུག་མྱོང་བཞིན་གནས་སྟངས་ཧ་ཅང་ཛ་དྲག་ཡོད་པ་དང་། ཚང་མ་ཁོང་བལྟ་བར་མར་ཡོང་དགོས་ཡོད།
དེ་ནི་བོད་པའི་ལོ་གསར་གྱི་དུས་ཚོད་ཀྱང་རེད། དེར་བརྟེན་ང་ཚོས་ནང་མི་ཚང་མ་མཉམ་འཛོམས་ཡོང་གི་རེད་བསམས་བྱུང་། ང་ཚོ་དེར་ཉིན་གཉིས་གསུམ་ཞིག་ཕྱིན་སོང་།” མ་སུ་རིར་ལྷ་རྒྱ་རིའི་ལྷ་ཁང་དང་ཐག་ཉེ་བའི་བོད་ཁྱིམ་དགེ་རྩའི་སློབ་གྲྭར་ཚེ་རིང་གིས་འཛིན་རིམ་བཅུ་པའི་སློབ་སྦྱོང་བྱེད་བཞིན་ཡོད།
ཕྱི་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་སྒྲོལ་མ་ལས་ཀ་འགའ་ཞིག་གི་ཆེད་དུ་ཕྱི་ལ་འགྲོ་སྐབས། མོ་རང་གི་གཅུང་མོའི་ཁ་དཔར་སླེབས་ཤིང་། ཁ་དཔར་ནང་མོ་སེམས་གསོ་བྱ་མི་ཐུབ་པའི་སྡུག་བསྔལ་གྱིས་ངུ་ཤོམ་བྱེད་བཞིན་པ་གོ་ཡི་འདུག ངས་ཕལ་ཆེར་སྤོ་སྤོའི་འཕྲོད་བསྟེན་ཇེ་སྡུག་ཏུ་སོང་བ་ཡིན་གྱི་རེད་བསམས་བྱུང་། འོན་ཀྱང་རིང་པོར་མ་སོང་བར་རྡོ་རྗེས་ག་རེ་བྱས་པ་དེ་གོ་བ་དང་། བྲེལ་འཚུབ་ཀྱིས་ཕྱིར་ལོགས་པ་ཡིན།”
སྒྲོལ་མས་འགྲེལ་བཤད་ལྟར། ཚེ་རིང་ལཱ་ཁེན་ཝ་ལར་ཁོ་རང་ཚོའི་སྤོ་ལགས་ཀྱི་སྡོད་ཁང་དང་ཐག་ཉེ་བའི་སར་སོང་སྟེ། གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་ཏེ། རང་ལུས་མེར་སྲེག་བཏང་ཡོད།
དེ་མཐོང་བ་དང་ཁོང་ཚོའི་ཨ་མ་ལགས་དྲན་མེད་དུ་བརྒྱལ་ཏེ་བགྱེལ། ཁོ་རང་གི་པགས་པ་ནས་མེས་འཚེགས་པའི་ཤ་རྣམས་མར་ཟག་གི་ཡོད་ཀྱང་། ཁོས་ན་ཟུགས་ཀྱི་ཀློང་ནས་སྐད་ཅོར་རམ། ངུ་འབོད་བྱས་མེད།
དེ་ནི་ངོ་མཚར་བ་ཞིག་སྟེ། ཁོ་རང་གིས་ངའི་སྤོ་ལགས་ཀྱི་ཁང་པའི་ཕྱོགས་སུ་གོམ་པ་ཁ་ཤས་སོང་ཡོད་ཅིང་། མི་མང་དེར་འཛོམས་པ་ཚོས་ཀམ་པ་ལི་དང་། ཆུས་མེ་གསོད་ཐབས་བྱས་པར། ཁོས་ན་ཟུགས་འདུག་ཅེས་ཐེངས་གཅིག་ལ་ཡང་ལབ་མེད།”ཅེས་སྒྲོལ་མས་བཤད།
ཨ་མ་ལགས་ཕྱིར་དྲན་པ་སོས་རྗེས་རྡོ་རྗེས་”ཨ་མ་ལགས་དགོངས་དག ངས་འདི་ཨ་མ་ཁྱེད་ལ་ཕོགས་ཐུག་བཏང་བ་མིན་པར། ང་རང་གི་རྒྱལ་ཁབ་དོན་དུ་ངས་འདི་བྱས་དགོས་ཀྱི་ཡོད། ངས་ཁྱེད་ལ་ཕོགས་ཐུག་བཏང་བར་དགོངས་དག་ཞུ།” ཚེ་རིང་མྱུར་སྐྱོབ་ཀྱིས་ས་གནས་སྨན་ཁང་ལ་འཁྲིད་པ་དང་། དེ་ནས་ལྡི་ལེར་སཱ་ཧྥ་དྷར་ཇུང་ Safdarjung སྨན་ཁང་ལ་འཁྲིད་ཅིང་། རྡོ་རྗེས་”ང་སྔོན་མ་ཆུང་དུས་ནས་བོད་ཀྱི་དོན་དུ་ལས་ཀ་ཞིག་བྱ་རྒྱུའི་ཐག་གཅོད་བརྟན་པོ་བྱས་ཟིན།”ཅེས་སྨན་ཁང་དུ་ཕབ་ལེན་བྱས་པའི་བརྙན་ཐུང་ནང་ལབ་ཡོད།
བོད་རང་དབང་ཆེད་རྒྱབ་སྐྱོར་ཚོགས་པའི་དྲྭ་རྒྱའི་ཐོག་ཁོ་རང་གི་སྐད་ཆ་ཕབ་སྒྱུར་བྱས་དོན་ལ། “ངས་བོད་ཀྱི་དོན་དུ་བྱེད་ཐུབ་པ་ནི། རང་ལུས་མེར་སྲེག་མ་ཡིན་པ་གཞན་གང་ཡང་མི་འདུག གང་ཡིན་ཟེར་ན། གལ་སྲིད་རང་ལུས་མེར་སྲེག་བཏང་བ་ཡིན་ན་མི་མང་རྣམས་ཧ་ལས་ཀྱི་རེད། མི་མང་ཧ་ལས་དུས་དབྱིན་ཡུལ་དང་། ཨ་རི། ཨ་ཧྥེ་རི་ཀ་ལྟ་བུའི་རྒྱལ་ཁབ་ཚོས་བོད་མིར་དོ་སྣང་སྤྲད་ཀྱི་རེད།
ཁོང་ཚོས་དོ་སྣང་སྤྲད་དུས་ཁོང་ཚོས་བོད་མིར་རྒྱབ་སྐྱོར་བྱ་ཡི་རེད། དེས་ང་ཚོར་ཕན་ཐོག་ཡོང་གི་རེད། ད་ལྟ་བལྟ་དུས་ངའི་གཟུགས་པོ་ཆ་ཚང་འབར་བའི་སྣུམ་འདང་ངེས་བླུགས་མི་འདུག་”ཅེེས་བརྗོད། ཉིན་གསུམ་གྱི་རྗེས་ལ་ཚེ་རིང་གཟུགས་པོ་བརྒྱ་ཆ་95 འཚིགས་པའི་དབང་གིས་ཚེ་ལས་འདས།
ཁོང་གི་མཐའ་མའི་རྗེས་འཇུག་གི་ཆོ་ག་དེ་གོང་ས་མཆོག་གི་བཞུགས་སྒར་རྡ་རམ་ཤ་ལར་ནང་ཆོས་ཀྱི་གོམས་སྲོལ་ལྟར་བསྒྲུབས་པ་དང་། སྐུ་ཕུང་མེར་སྲེག་གི་དུར་འཇུག་ལ་བོད་པ་བརྒྱ་ཕྲག་དུ་མ་མཉམ་ཞུགས་བྱས། “ཁོ་ང་ཚོའི་མི་ཚེ་ནང་སྒྲུང་ལྟར་སླེབས་ཤིང་། རྒྱལ་ཁབ་ཀྱི་ཆེད་དུ་སྙན་གྲགས་བཞག་ནས་ཕྱིན་སོང་། དཔའ་བོ་ཞིག་ང་ཚོའི་ནང་ལ་སྐྱེས་པ་རེད།”ཅེས་སྒྲོལ་མས་འཛེར་སྐད་དང་བཅས་བཤད།། །།
བོད་དོན་རྒྱབ་སྐྱོར་བ་སྐྲན་ནད་ཀྱིས་རང་ལོ 26 ཐོག་ཉེ་ལམ གྲོངས་པ་གསར་འགོད་པ་སཱུ་མེ་གྷ། གྷུ་ལ་ཊིSumegha Gulati་འདས་གྲོངས་སོང་བའི་སྐྱོ་གནས་དང་མཉམ་དུ་དེ་སྔོན་མོས་བྲིས་ཏེ། ཕྱི་ལོ 3016།3། 20 ཉིན་འགྲེམས་སྤེལ་ཞུས་པའི་རྩོམ་འདིའི་དྲྭ་ཐག་ཀྱང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱི་ངོ་དེབ་ཐོག་བཀོད་འདུག་པ་བཀླགས་རྗེས། བོད་སྒྱུར་ཞུས་ཡོད་མེད་དྲིས་པར། བོད་སྒྱུར་མེད་ཚུལ་གསུངས་པས། སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་ཕྱི་ལོ 2016།7། 30 ཉིན་བསྒྱུར།། །།
མ་རྩོམ།