ཁྱེད་རང་ཚོའི་ཆེད་ལས་ལ་རྗེས་སུ་ཡི་རངས་ཡོད།

མི་མང་ཧ་ཅང་མང་པོས་དབྱུག་རྩེད་སྤོ་ལོ་ལ་དགའ་པོ་བྱེད་ཀྱི་ཡོད་པས་རྩེད་མོ་འདི་བརྒྱུད་ནས་མི་མང་ལ་བདེ་སྐྱིད་ཐོབ་ཀྱི་ཡོད་སྟབས། ཁྱེད་རང་ཚོའི་ཆེད་ལས་ལ་རྗེས་སུ་ཡི་རངས་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གསུང་ཆོས་ར་བའི་ནང་ཨོ་སི་ཀྲོ་ལི་ཡར་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་རུ་ཁག་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེར་༧གོང་ས་མཆོག་གིས་ཆུ་ཚོད་༡ ལྷག་གི་རིང་ལ་བཀའ་སློབ་དང་དྲི་བ་དྲིས་ལན་བཅས་གནང་སོང་།

དེ་ཡང་༧གོང་ས་མཆོག་གིས་ཁོང་ལ་རྩེད་མོ་འདི་འདྲའི་རིགས་ཀྱི་ཉམས་མྱོང་མེད་པ་དང་དགའ་པོ་ཡང་མེད་རུང་། མི་མང་ཧ་ཅང་མང་པོས་དབྱུག་རྩེད་སྤོ་ལོ་ལ་དགའ་པོ་བྱེད་ཀྱི་ཡོད་པས་རྩེད་མོ་འདི་བརྒྱུད་ནས་མི་མང་ལ་བདེ་སྐྱིད་ཐོབ་ཀྱི་ཡོད་སྟབས། རྩེད་མོ་བ་ཚོའི་ཆེད་ལས་ལ་རྗེས་སུ་ཡི་རངས་སྐྱེ་ཡི་ཡོད་པ་དང་། ད་བར་འདས་པའི་མི་ལོ་༥༨ རིང་ལ་རྒྱ་གར་དེ་བོད་པའི་ཁྱིམ་ཡིན་པ་དང་། ལྷག་པར་དུ་དྷ་རམ་ས་ལ་ནི་མི་ལོ་༥༧ རིང་དུ་ཁོང་གི་ཁྱིམ་ཡིན་པས། དེའི་རྒྱབ་ལྗོངས་ཀྱི་ཐོག་ནས་རྩེད་མོ་བ་ཡོངས་ལ་ཕེབས་བསུའི་འཚམས་འདྲི་ཡོད་པ་བཅས་གསུངས་སོང་།

དེ་བཞིན་མགོན་པོ་གང་ཉིད་ཀྱིས་འཛམ་གླིང་མི་མང་ཐེར་འབུམ་བདུན་པོ་ཐམས་ཅད་གཅིག་གྱུར་ཡིན་པའི་ལྟ་བ་གོང་འཕེལ་གཏོང་རྒྱུ་དེ་ཁོང་གི་དམ་བཅའ་ཨང་དང་པོ་དེ་ཡིན་པ་དང་། ཁོང་ཉིད་ནང་པ་ཞིག་ཡིན་པའི་ངོས་ནས་ཉིན་ལྟར་ཞལ་འདོན་གང་གསུང་བ་རྣམས་སྐྱེ་འགྲོ་ཚང་མར་བསྔོ་ཡི་ཡོད་པ། དེ་འདྲའི་བསྔོ་སྨོན་དེ་དོན་དངོས་སུ་གནས་པ་ཞིག་དགོས་ཚེ་འཛམ་གླིང་གཞན་གྱི་སྐྱེ་འགྲོ་དང་འབྲེལ་བ་འབྱུང་ཐུབ་ཀྱི་མེད་པ་དང་། གོ་ལ་འདིའི་སྟེང་གི་བྱ་བྱིའུ་ལ་སོགས་པའི་སྐྱེ་འགྲོ་གྲངས་ལས་འདས་པར་ང་ཚོས་ཕན་ཐོགས་དེ་ཙམ་བསྒྲུབ་མི་ཐུབ་དུས། ཁ་ཡོད་ལག་ཡོད་དུ་རྣམ་དཔྱོད་ཚད་མཐོན་པོ་ཡོད་རིགས་འགྲོ་བ་མི་ཕན་ཚུན་གྱི་དཀའ་ངལ་སེལ་ཐབས་སུ་ངེས་པར་དུ་བརྩོན་དགོས་སྐོར། དོན་དངོས་སུ་འགྲོ་བ་མིའི་རིགས་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་རུང་། དེ་རིང་ཁ་སང་ལ་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ནི་འགྲོ་བ་མི་རང་གིས་བསྐྲུན་པ་ཡིན་པའི་རྒྱུ་མཚན་གང་ཡིན་པ། དེ་བཞིན་གཞི་རྩའི་འགྲོ་བ་མིའི་གཤིས་རྒྱུད་ནི་སྙིང་རྗེའི་རང་བཞིན་ཅན་ཞིག་ཡིན་པ་དང་། ཚན་རིག་པ་མང་པོས་ཀྱང་གཞི་རྩའི་འགྲོ་བ་མིའི་གཤིས་རྒྱུད་ནི་སྙིང་རྗེའི་རང་བཞིན་ཅན་ཞིག་ཡིན་པའི་གྲུབ་དོན་གསུང་གི་ཡོད་པ་སོགས་ཀྱི་སྐོར་གྱི་བཀའ་སློབ་གནང་སོང་།

ཟླ་འདིའི་ཚེས་༢༥ ནས་རྒྱ་གར་དང་ཨོ་སི་ཀྲོ་ལི་ཡའི་རུ་ཁག་གཉིས་བར་ཉིན་༤ ལྷག་གི་རིང་ལ་དབྱུག་རྩེད་འགྲན་སྡུར་བྱ་རྒྱུ་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།