ཁྲག་གིས་སྦངས་པའི་ཞི་ཅིན་ཕིང་གི་འདྲ་གཟུགས་ཤིག་འགྲེམས་སྟོན།

རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རིན་འཛིན་ཆོས་སྒྲོན་གྱིས། རྒྱ་ནག་གཞུང་ལ་བོད་དོན་བདེན་མཐའ་མ་གསལ་པའི་བར་དུ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་བརྡ་ལན་སྤྲོད་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་པའི་སྐུལ་མ་གནང་སོང་།

ཟླ་༧ པའི་ཚེས་༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་དང་བསྟུན། འཛམ་གླིང་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་ལྟར། དྷ་ས་མེག་གྷན་དུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས། ལོ་ངོ་བརྒྱ་ཡི་རིང་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་དང་ཡུ་གུར། ཧོང་ཀོང་། ལྷོ་སོག་བཅས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་མི་གསོད་ཁྲག་སྦྱོར་ཚབས་ཆེན་བྱས་ཡོད་ཁར། ཚང་མས་སྡུག་པོ་མྱངས་བཞིན་ཡོད་པར་མཚོན་ཆེད་དུ། ཞི་ཅིན་ཕིང་གིས་ཁྲག་གི་དཀྱིལ་དུ་གཟུགས་པོ་སྦངས་ཡོད་པའི་འདྲ་གཟུགས་ཤིག་འགྲེམས་སྟོན་བྱས་ཏེ། ལོ་ངོ་༡༠༠ འཁོར་བ་དེར་དགའ་སྤྲོ་བྱེད་འོས་པའི་གནད་དོན་གང་ཡང་མེད་པའི་རྣམ་པ་བསྟན་སོང་།

དེ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་འཛིན་ཆོས་སྒྲོན་གྱིས་གསུང་དོན་ལ། དེ་རིང་གི་ཉིན་འདིར་རྒྱ་ནག་གཞུང་གིས་དགའ་སྤྲོ་ཆེན་པོ་བྱེད་བཞིན་ཡོད་ཀྱང་། བོད་གཙོས་པའི་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་རྣམས་ལ་ལོ་རྒྱུས་ཁྲོད་ཀྱི་ཉིན་མོ་ནག་པོ་ཞིག་ཡིན་པ་དང་། ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ་ལོ་བརྒྱ་འཁོར་ཡང་བོད་མི་ཚོས་དྲན་པ་བརྗེད་མེད་པ་དང་། བོད་དོན་བདེན་མཐའ་མ་གསལ་བའི་བར་དུ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་རྒྱུ་ཡིན་པ། དེ་རིང་ཁྲག་གིས་སྦངས་པའི་ཞི་ཅིན་ཕིང་གི་འདྲ་གཟུགས་དེ་ནི་ད་བར་ཞི་ཅིན་ཕིང་དང་ཁོའི་སྔོན་གྱི་རྒྱ་ནག་གི་འགོ་ཁྲིད་ཁག་གི་འོག་ཏུ། བོད་མི་གཙོས་པའི་མི་རིགས་མང་པོ་ཞིག་ལ་མི་གསོད་ཁྲག་སྦྱོར་བྱས་ཡོད་པ་མཚོན་ཆེད་ཡིན་པ། དེ་བཞིན་དེ་རིང་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་བརྒྱ་འཁོར་བར་དགའ་བསུ་བྱེད་རན་པའི་གནད་དོན་གང་ཡང་མེད་པའི་བརྡ་ལན་སྤྲོད་བྱེད་ཀྱི་དྲ་ཐོག་ལས་འགུལ་གཞན་ཞིག་སྤེལ་བཞིན་ཡོད་སྐོར་གསུངས་སོང་།

ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་གསུང་དོན། ཕྱི་ལོ་༢༠༠༨ ལོར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ནོར་འཁྲུལ་བཟོས་ནས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་གོ་སྒྲིག་བྱེད་དུ་བཅུག་ཡོད་པ་དང་། ཐེངས་འདིར་ངོ་རྒོལ་ལས་འགུལ་དང་ཞུ་གཏུག་ག་ཚོད་བྱས་མིན་ལ་མ་ལྟོས་པར། ཨོ་རྩལ་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོག་རྒྱུ་གཏན་འཁེལ་བྱས་ཏེ་ནོར་འཁྲུལ་ཆེན་པོ་བྱས་ཡོད་པས། དེར་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ། ཐེངས་འདིར་རྒྱལ་སྤྱིའི་འགོ་ཁྲིད་རྣམས་དང་མང་ཚོགས་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་པའི་འགན་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།