ཁྲིམས་གྱི་དབང་བསྒྱུར་གྱི་ནུས་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༩  ཕྱི་ལོ་ ༢༠༢༡/༤/༡༤  

ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མི་ཚང་མའི་ཁ་ནས་ཁྲིམས་དང་། མང་གཙོ་ཞེས་བརྗོད་མཁན་ཡོད་ཀྱང་། དོན་དངོས་སུ་གང་ཟག་སྒེར་སྣང་བར་འགྲོ་མིན་ཙམ་ལས་ཁྲིམས་ལ་ཡིད་ཆེས་དེ་ཙམ་མེད་ལ། རང་ཉིད་ཀྱིས་འདོད་པ་མེད་པའི་མི་སྣ་ཞིག་སྲིད་སྟེགས་སུ་སླེབས་ཀྱང་། རང་ཉིད་ཀྱི་འགོ་ཁྲིད་དུ་མི་བརྩི་བ་སོགས་གང་ཟག་གི་དབང་བསྒྱུར་གཙོ་བོར་འཛིན་པ་ལས། ཁྲིམས་ཀྱི་དབང་བསྒྱུར་ལ་ཡིད་ཆེས་བྱེད་མཁན་ཞིག་དེ་ཙམ་མེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོ་གསོལ་རས་སུ་བསྩལ་ནས་མི་ལོ་དྲུག་ཅུ་ལྷག་བརྒལ་ཟིན་པ་དང་། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་དཀའ་ངལ་ཆེན་པོ་དེ་ཙམ་མེད་ནའང་། སྟབས་མ་ལེགས་པར་བོད་མི་རྣམས་མུ་མཐུད་རྒྱུན་རིང་ཙམ་བཙན་བྱོལ་དུ་གནས་དགོས་བྱུང་ན། གཅིག་སྒྲིལ་དང་། མཉམ་གནས། སྲ་བརྟན་བཅས་ཀྱི་ཆེད། མེད་དུ་མི་རུང་བ་ནི་ཁྲིམས་དང་མཐུན་པའི་མང་གཙོ་འདི་ཉིད་ཡིན་པ་ལས། འདི་ལས་ལྷག་པའི་ཐབས་ལམ་གཞན་ཞིག་མེད་པ་ནི་ཧ་ཅང་གསལ་པོར་གྱུར་ཡོད།

ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་པ་གསུམ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་དགོས་པའི་གྲོས་ཆོད་ལ་སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོག་ཐག་གཅོད་བྱས་ཡོད་པ་དང་། དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཐོག་ནས་བཤད་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་སུམ་ཆ་གཉིས་ཡན་གྱི་ཐག་གཅོད་ནི་ཧ་ཅང་ཚད་མཐོན་པོར་བརྩི་དགོས་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་དང༌། ལེའུ་དང་པོའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཁག་ལ་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་སྟེ། ད་ལྟའི་གྲངས་ཚད་ཐོག་ནས་བཤད་ན་སྤྱི་འཐུས་༣༣ གྱི་རྒྱབ་སྐྱོར་མེད་ན་བསྒྱུར་བཅོས་མི་ཐུབ་པ་ལས། གཞན་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཚང་མ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོབ་ན་བསྐྱར་བཅོས་བྱེད་ཆོག་པས། རྩ་འབོར་གྱི་སུམ་ཆ་གཉིས་ཡན་གྱི་ཐག་གཅོད་དེ་ནི་ཁྲིམས་ལུགས་ཀྱི་ཐོག་ནས་ནུས་པ་ཆེ་ཤོས་སུ་གྱུར་ཡོད། 

གནད་དོན་འདི་ལྟ་བུའི་སྐབས་གང་ཟག་སྒེར་རང་ཉིད་ཀྱི་འབྲེལ་བ་ཡོད་པའི་དགའ་ཉེ་དང་བློ་མཐུན་སོགས་ལ་ཕོག་ཐུག་འགྲོ་སྲིད་པ་མ་གཏོགས། རང་ཉིད་ཀྱི་ཕྱོགས་གཏོགས་རེ་ཟུང་གི་ཁེ་ཕན་ལ་གནོན་སྐྱོན་འགྲོ་སྲིད་ནའང་། གང་ཟག་སྒེར་གྱི་ཁེ་ཕན་ལས་ཁྲིམས་ཀྱི་དབང་བསྒྱུར་གྱི་ཐོག་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད་སྙམ། རང་དང་འབྲེལ་བ་མེད་པའམ། ཡང་ན་སྣང་བར་མི་འགྲོ་བའི་མི་ཞིག་ལ་བཀའ་ཤག་གིས་ཐག་གཅོད་ནན་པོ་ཞིག་བྱས་པ་དང་། ཁྲིམས་ཞིབ་ཁང་གིས་ཁྲིམས་ཐག་བཅད་པ། སྤྱི་འཐུས་ལྷན་ཚོགས་ཀྱིས་གནད་དོན་ཞིག་ཐག་གཅོད་བྱས་པ་བཅས་གང་ཡིན་ཡང་། ཁྲིམས་དོན་དང་མཐུན་མིན་ལ་མི་བལྟ་བར་རང་ཉིད་ཀྱི་འདོད་ཕྱོགས་ཁོ་ནའི་ཐོག་ནས་བསམ་བློ་གཏོང་བ་དང་། དེ་ཡང་མི་མང་དཀྱུས་མ་ཙམ་མ་ཡིན་པར་བཙན་བྱོལ་བོད་གཞུང་གི་མཛད་གཙོ་ལས་ཟུར་རྣམ་པའི་ཐོག་ནས་ཀྱང་དུས་རྒྱུན་གནང་སྟངས་འདི་རྒྱུན་འབྱམས་སུ་ཡོད་པ་ནི། ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་ལ་འདོད་མོས་ཆེ་བ་ཡོད་པའི་མངོན་རྟགས་ཤིག་ཏུ་གྱུར་ཡོད།

དེ་ཙམ་དུ་མ་ཟད་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གུས་བཀུར་ཆེ་ཤོས་བྱེད་ཡུལ་རེ་ཟུང་གིས་ཀྱང་། རང་ཉིད་དང་མཐུན་ཕྱོགས་ཤིག་གི་འདོད་དོན་འགྲུབ་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དེ། ཐོག་མའི་དམིགས་ཡུལ་ལམ་གཏན་འབེབས་བྱེད་སྐབས་ཀྱི་འགྲེལ་བརྗོད་ལས་རིང་དུ་བརྒལ་ནས། ཡུལ་དུས་གནས་བབས་ཀྱི་དགོས་མཁོ་ཁོ་ནར་དམིགས་ནས་འགྲེལ་བརྗོད་གནང་སྟངས་འདི་དག་ཀྱང་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་མིག་དཔེར་འོས་པ་ཞིག་མིན་པ་མ་ཟད། མ་འོངས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཡང་། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་པ་ལྟ་བུའི་གོ་བ་ལེན་དཀའ་བའི་འགྲེལ་བཤད་བརྒྱབ་ནའང་ཕན་ཐོགས་གང་ཡང་མེད། དོན་དངོས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཉིད་བོད་ཡིག་གི་རྨང་གཞི་འགྲིག་ཙམ་ཡོད་པ་ཙམ་གྱིས་གོ་ཐུབ་པ་ཞིག་ཡིན་དགོས་པ་དེ་གལ་ཆེན་པོ་ཡིན་པས། ཁ་གསལ་པོ་ཡོང་ཆེད་སྤྱི་འཐུས་ལྷན་ཚོགས་ནས་གནད་དོན་འདིའི་ཐོག་བསྐྱར་ཞིབ་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་འདུག

མདོར་ན་སྲིད་སྐྱོང་གི་འོས་བསྡུའི་སྐབས་ལྟ་བུ་ལ་མཚོན་ན་རྒྱབ་སྐྱོར་བྱེད་ཡུལ་སུ་ཡིན་མིན་ལ་མ་ལྟོས་པར། མ་འོངས་པར་རྒྱལ་ཁ་ཐོབ་མཁན་ལ་རྒྱབ་སྐྱོར་དང་གུས་བཀུར་ངེས་པར་དགོས་པ་དེ་གལ་ཆེ་ཤོས་ཡིན། མི་མང་གིས་བདམས་ནས་རྒྱལ་ཁ་ཐོབ་ཀྱང་། ད་དུང་དེ་ལ་ཁ་གཏད་ཁོ་ན་བཅགས་ན་དོན་དུ་མང་གཙོའི་གོམས་གཤིས་གཏན་ནས་མེད་པའི་སྐྱོན་འབའ་ཞིག་ཏུ་གྱུར་ཡོད་ཅིང་། མི་མང་གིས་བདམས་པའི་མགོ་ཁྲིད་ལ་རྒྱབ་སྐྱོར་དང་གུས་བཀུར་དགོས་པ་དེ་གལ་ཆེན་པོ་ཡིན་པ་བཞིན། མགོ་ཁྲིད་ཀྱིས་སྐྱོན་དང་ནོར་འཁྲུལ་གྱི་རིགས་བྱས་ན་ཐེར་འདོན་དང་། ཚད་ལས་བརྒལ་བའི་ནོར་འཁྲུལ་བྱུང་རིགས་ལ་ངོ་རྒོལ་ཡང་བྱེད་ཆོག་པ་ནི་མང་གཙོའི་ཁེ་དབང་བླ་ན་མེད་པ་དེ་ཡིན། མཐར་གཏུག་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ཡོད་སུམ་ཆ་གཉིས་ཡན་གྱིས། སྲིད་སྐྱོང་དང་བཀའ་བློན་བྱེ་བྲག་པ་སུ་ཡིན་ཡང་འཕོ་འགྱུར་གཏོང་ཆོག་པ་འདི་ཡང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་དབང་ཉག་གཅིག་ཏུ་གྱུར་ཡོད་པས། འདི་ལྟར་བསྐྱོད་ན་ཁྲིམས་ཀྱི་དབང་བསྒྱུར་ལ་ནུས་པའང་ཐོན་ཐུབ།།