ཁྲིམས་ཞིབ་པ་གསུམ་གྱིས་ཁྲིམས་དང་འགལ་མེད་རུང་“ལས་འགན་བཤོལ་བ་ཡིན་”ཞེས་བསྒྲགས་སོང་།

ཁ་སང་རེས་གཟའ་ཕུར་བུའི་ཉིན་སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་དང་བསྟན་འཛིན་ལུང་རྟོགས་གསུམ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བའི་ཐོག་ནས་འཕོ་འགྱུར་གཏོང་རྒྱུའི་གཞུང་འབྲེལ་གྲོས་ཆོད་བཞག་རྗེས། དེ་རིང་རེས་གཟའ་པ་སངས་ཉིན་ཁོང་རྣམ་པ་གསུམ་གྱིས་བཅའ་ཁྲིམས་དང་འགལ་མེད་ན་ཡང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་ཡོད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ཡིད་ལ་བཅངས་ཏེ། དེ་རིང་གསལ་བཤད་འདི་གྲུབ་པའི་རྗེས་ཁྲིམས་ཞིབ་པ་ཆེ་བ་



དང་།
ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་འགན་བཤོལ་བ་ཡིན་ཞེས་གསལ་བསྒྲགས་སྤེལ་སོང་།

དེ་རིང་ཕྱི་དྲོར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བསྐོངས་པའི་གསར་འགོད་གསལ་བསྒྲགས་དེའི་ཐོག ཁྲིམས་ཞིབ་པ་གསུམ་གྱིས་བཅའ་ཁྲིམས་དང་འགལ་མཁན་དེ་སྤྱི་འཐུས་ཚོགས་གཙོས་དབུས་པས་རྒྱུན་ལས་དེ་དག་ཡིན་པ་ལས་ཁོང་ཚོ་མ་ཡིན་པ་དང་།ཁྲིམས་འགལ་བྱས་པའི་ལོ་རྒྱུས་ཀྱི་འགན་དེ་་སྤྱི་འཐུས་རྒྱུན་ལས་ཁྱེར་དགོས་རེད་ཅེས་བསྒྲགས་སོང་།

ཁྲིམས་ཞིབ་པ་གསུམ་གྱིས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་དེ་སྔོན་གྱི་གྲོས་ཚོགས་ཕར་འགྱངས་བྱས་པའི་ཐག་གཅོད་དེ་ཁྲིམས་འགལ་ཆགས་ཡོད་པ་མ་ཟད། ཁ་སང་གི་གྲོས་ཆོད་གྲོས་འཆར་དེའི་འདོན་ཕྱོགས་དང་། ཁྱེར་སྟངས། ཆ་རྐྱེན། བགྲོ་གླེང་། འོས་བསྡུ་བྱེད་སྟངས་བཅས་པ་སྤྱི་འཐུས་ལྷན་ཚོགས་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་ ༡༢ དང་ ༡༣ དང་མཐུན་པའི་ཐག་གཅོད་ཅིག་མིན་ཞེས་བརྗོད་སོང་།

གཞན་ཡང་། ཁྲིམས་ཞིབ་པ་གསུམ་གྱིས་བཏང་བའི་བསྒྲགས་གཏམ་དུ།སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ () གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད་པ་ནི། ཁྲིམས་ཞིབ་པ་ཆེ་བ་དང༌།ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཡུན་ཚད་སྐོར་ལ་ཡིན་པ་ལས། འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མིན་ལ། ཁྲིམས་ཡིག་གི་གཞི་རྩ་མེད་པར་འཕོ་འགྱུར་གྱི་བྱ་རིམ་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་པས་མ་ཚད། མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཚབས་ཆེན་ཞིག་བྱེད་སྟངས་འདི་རིགས་ནང་སྦས་ཡོད་ཅེས་དང་།  སྤྱི་འཐུས་ཚོགས་གཙོ་ཡིས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་སྤྱད་པ་དང༌། སྤྱི་འཐུས་རྣམས་ལོག་འཁྲིད་བྱས་མཐར། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་འཇོག་ཏུ་བཅུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོ་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་རྨང་ནས་བསྒྱེལ་བ་ཞིག་ཡིན་ཞེས་བཀོད་འདུག

གསར་འགོད་པ་དཀོན་མཆོག་རབ་བརྟན།