ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། རྩིས་ཞིབ་སྤྱི་ཁྱབ་པ་བཅས་བདམས་ཐོན་བྱུང་སོང་།

ཕྱི་ཟླ་༣ པའི་ཚེས་༢༩ བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཉིན་༡༢ པའི་ཚོགས་ཐུན་༢ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གཅིག་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་རྩིས་ཞིབ་སྤྱི་ཁྱབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་བཅས་ཀྱི་འོས་བསྡུ་གནང་ཡོད་པ་དང་། སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་དང་བཀའ་ཟུར་བཀྲ་ཤིས་དབང་འདུས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་བཅས་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་བཏོན་པའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཡེ་ཤེས་དབང་མོ་དང་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་གཉིས་ཡོད་པ་ལས། ཁྲིམས་དྲུང་ཡེ་ཤེས་དབང་མོ་ལ་འོས་༣༡ དང་རྒན་བསོད་ནམས་རྒྱལ་མཚན་ལ་འོས་༡༢ བཅས་ཐོབ་སྟེ། ཁྲིམས་དྲུང་ཡེ་ཤེས་དབང་མོ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མང་མོས་ཀྱིས་བདམས་ཐོན་བྱུང་སོང་། ཁོང་ནི་བོད་ཀྱི་བུད་མེད་ཁྲིམས་ཞིབ་པ་ཆེ་བ་ཐོག་མ་དེ་ཡིན་འདུག
དེ་བཞིན་བཀའ་ཟུར་བསྟན་པ་ཚེ་རིང་དང་བཀའ་ཟུར་བཟོད་པ་རྒྱ་མཚོ། ཁྲིམས་ཞིབ་པ་ཟུར་པ་ཆོས་ལྡན་ངག་དབང་ཐུབ་བསྟན་བཅས་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་བཏོན་པའི་ཁྲིམས་ཞིབ་པ་གཞན་གྱི་འོས་མིར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། ཁྲིམས་ལུགས་རིག་པ་བ་ཕུར་བུ་རྡོ་རྗེ་བཅས་འོས་མི་གསུམ་ཡོད་པ་ལས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལ་འོས་༢༥ དང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལ་འོས་༤། དེ་བཞིན་ཁྲིམས་ལུགས་རིག་པ་བ་ཕུར་བུ་རྡོ་རྗེ་ལ་འོས་ ༩། རྩིས་མེད་བཞི་དང་འོས་མི་བླུག་མཁན་གཅིག་བཅས་བྱུང་སྟེ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཁྲིམས་ཞིབ་པ་གཞན་གཅིག་བདམས་ཐོན་བྱུང་བ་དང་།
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་འགྲུབ་དང་བཀའ་ཟུར་བསམ་དཀར་དབྱངས་སྐྱིད། བཀའ་ཟུར་བློ་བཟང་སྙན་གྲགས་བཅས་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་བཏོན་པའི་ཁྲིམས་ཞིབ་པ་གཞན་གཅིག་གི་འོས་མིར་བཀའ་ཟུར་འཕགས་པ་ཚེ་རིང་དང་སྤྱི་ཟུར་རྒྱ་རི་སྐལ་བཟང་ཚེ་དབང་གཉིས་ཡོད་པ་ལས། བཀའ་ཟུར་འཕགས་པ་ཚེ་རིང་ལ་འོས་གྲངས་༣༡ དང་སྤྱི་ཟུར་རྒྱ་རི་སྐལ་བཟང་ཚེ་དབང་ལ་འོས་༡༢ ཐོབ་ནས་བཀའ་ཟུར་འཕགས་པ་ཚེ་རིང་ཁྲིམས་ཞིབ་པ་གཞན་གཅིག་བདམས་ཐོན་བྱུང་སོང་།
གཞན་ཡང་རྩིས་ཞིབ་སྤྱི་ཁྱབ་ཟུར་པ་དང་འཆར་འབུལ་ཚོགས་ཆུང་གི་ཚོགས་མི་མགོན་པོ་ཕུན་ཚོགས་དང་དབུས་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཟུར་པ་བཀྲ་ཤིས་ཕུན་ཚོགས།
དེ་བཞིན་དབུས་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་པད་ཟུར་དབང་འདུས་ཚེ་རིང་བཅས་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་བཏོན་པའི་རྩིས་ཞིབ་སྤྱི་ཁྱབ་པའི་འོས་མི། རྩིས་ཞིབ་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་དང་རྩིས་ཞིབ་ལས་ཟུར་བསམ་གཏན་ནོར་བུ་གཉིས་ཡོད་པ་ལས། རྩིས་ཞིབ་བཀྲ་ཤིས་སྟོབས་རྒྱལ་ལ་འོས་༣༢ དང་རྩིས་ཞིབ་ལས་ཟུར་བསམ་གཏན་ནོར་བུ་ལ་འོས་༨ ། རྩིས་མེད་གསུམ་བྱུང་སྟེ་བཀྲ་ཤིས་སྟོབས་རྒྱལ་རྩིས་ཞིབ་སྤྱི་ཁྱབ་པ་བདམས་ཐོན་བྱུང་སོང་།
གསར་འགོད་པ། བསྟན་འཛིན་ལམ་བཟང་།