ཁྲིམས་ཞིབ་པ་ཟུར་པ་ཐུན་མོང་གི་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས།
༄༅། ། ༢༠༢༡།༣།༢༥ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ བའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་སྐོར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། ཁྲིམས་ཞིབ་པ་ཟུར་པ་ཐུན་མོང་གི་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས།
༡། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༤ པ་དང་། ལེའུ་ ༥ པ། ལེའུ་ ༦ པ་བཅས་སུ་མང་གཙོའི་ཀ་བ་གསུམ་དུ་གྲགས་པའི་ཡ་གྱལ་རིམ་པ་བཞིན་དུ་བཀའ་ཤག་གི་འགན་དབང་ནི་འཛིན་སྐྱོང་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ནི་ཁྲིམས་བཟོ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ནི་ཁྲིམས་ལུགས་དབང་འཛིན་བཅས་ཆ་བགོས་ལོགས་སུ་བཀར་ཏེ་ཡོད་པ་དང༌། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ་གཙོ་བོ་དེ་ཡིན།
༢། བཅའ་ཁྲིམས་དོན་ཚན་ ༤༠ བར། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ། འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཚེས་དང་། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་བ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ། ཞེས་པ་ལོ་རེར་སྤྱི་འཐུས་ལྷན་ཚོགས་ཀྱི་ ཚོགས་འདུ་ཐེངས་གཉིས་སྡུད་སྐོང་གནང་དགོས་པ་བཅའ་ཁྲིམས་དགོངས་དོན་ཡིན་པ་དང་། ཚོགས་དུས་གཅིག་ཕྱིར་བསྡུའམ། ཕར་འགྱངས་གཏོང་བའི་དབང་ཚད་དེ་ཚོགས་གཙོ་ལྷན་རྒྱས་དང་སྤྱི་འཐུས་རྒྱུན་ལས་ལ་མེད་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ལའང་བཅའ་ཁྲིམས་ཀྱི་གནང་བ་མི་འདུག
༣། བཅའ་ཁྲིམས་དོན་ཚན་ ༤༩(༢)པའི་ནང༌། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་གསལ་བ་འདི་ནི། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྡུད་སྐོང་གནང་རྗེས་བཅའ་ཁྲིམས་དོན་ཚན་ ༤༩[༡] ནང་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ལོངས་དགོས་གསལ་བ་ལྟར་ཉུང་ཚད་མ་ལོངས་པའི་གནས་སྐབས་ཀྱི་བྱེད་ཕྱོགས་ཡིན་པ་ལས། ཚོགས་འདུ་སྡུད་སྐོང་རྩ་བ་ཉིད་ནས་མ་གནང་བ་ཞིག་ལ་བཅའ་ཁྲིམས་དོན་ཚན་ ༤༩[༢] ཕྱག་བསྟར་གནང་རྒྱུའི་ཆ་རྐྱེན་ལྡན་གྱི་མི་འདུག
༤། བཅའ་ཁྲིམས་དོན་ཚན་ ༥ པ་བཅའ་ཁྲིམས་ཀྱི་ཚད་འཛིན་དུ། ༡) ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ༢) གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ་ཞེས་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་དང་འགལ་བའི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་དང་། དེ་དག་གི་ནང་དོན་རྣམས་ནུས་མེད་དུ་བཏང་ཆོག་པར་གོ་དགོས་པ་དང༌། བཅའ་ཁྲིམས་ཀྱི་དོན་གནད་དང་འགལ་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་དགོས་ལ། དེ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐའ་མའི་ཐག་གཅོད་དུ་བརྩི་འཇོག་བྱེད་དགོས་པའི་དོན་ཡིན།
༥། བཅའ་ཁྲིམས་དོན་ཚན་ ༦༦ པར། ༡) ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ༢) [ཀ] བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་ཞེས་པ་ནི། བཅའ་ཁྲིམས་ཀྱི་ཚིག་དོན་ལ་འགྲེལ་བརྗོད་བྱ་རྒྱུའི་མཐར་ཐུག་གི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ན་ལ་མ་གཏོགས་གཞན་ལ་མེད་པའི་གོ་དོན་ཡིན།
༦། བཅའ་ཁྲིམས་དོན་ཚན་ ༦༧ པར། བཅའ་ཁྲིམས་འདི་དང་། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ་ཞེས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བཟོ་རྒྱུའི་འགན་དབང་འདི་ཡང་བཅའ་ཁྲིམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་བ་ཞིག་ཆགས་ཡོད་པ་དང༌། དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་རྩ་འཛིན་ཁྲིམས་ཡིག་གསུམ་ལ་བཀའ་འཁྲོལ་བསྩལ་ཏེ་འགོ་འཛུགས་གནང་བ་ཞིག་དང་། བསྐྱར་བཅོས་གནང་རྒྱུའི་ཆ་རྐྱེན་ཡང་ཁྲིམས་ཡིག་དེ་དག་གི་ནང་ཐོག་མ་ནས་གསལ་འཁོད་ཡོད་པ་གཞིར་བཟུང་ཕྱག་བསྟར་གནང་དང་གནང་མུས་རེད་འདུག་ལ། ཁྲིམས་ཀྱིས་ངོས་བཞེས་ཀྱི་བྱ་རིམ་འདིའང་ཕྱི་ལོ་ ༢༠༡༩།༡༠།༡༤ ཉིན་ཁྲིམས་ལུགས་གཞིར་བཟུང་བསྐྱར་བཅོས་གཏན་འབེབས་གནང་བ་ཞིག་ཆགས་འདུག
༧། བཅའ་ཁྲིམས་དོན་ཚན་ ༥༨ པར། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ། ༡། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་། ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ༢། ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་ནས་སྤྲད་བའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཅེས་པ་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལུང་དྲངས་ཏེ། སྤྱི་ལྷན་གྱི་ལས་དོན་གང་ཞིག་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འགལ་ལུགས་བརྩད་གཅོད་མི་ཆོག་པའི་གོ་དོན་ཡིན་པ་ལས། བཅའ་ཁྲིམས་དང་འགལ་བའི་ཆ་དེར་བརྩད་གཅོད་བྱེད་མི་ཆོག་པའི་གོ་དོན་མེད། དེར་བརྟེན། ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐག་གཅོད་བྱེད་ཕྱོགས་དང་འབྲེལ་བ་མེད་པའི་སྤྱི་འཐུས་རྒྱུན་ལས་ལ་བཀའ་ཁྱབ་གནང་བ་དེ་ཁྲིམས་ཡིག་དོན་ཚན་འདི་དང་འགལ་བ་ཆགས་ཀྱི་མི་འདུག
༨། བཅའ་ཁྲིམས་དོན་ཚན་ ༥༤ པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག་ཅེས་པའི་བཀག་སྡོམ་འདིས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་ཐག་གཅོད་ལ་ཚོད་འཛིན་གང་ཡང་ཐེབས་མེད་པ་མ་ཟད། དོན་ཚན་འདིར་གང་རུང་ཞེས་དང་། དོན་ཚན་ ༦༣ (༤) པར་སུ་རུང་ཞེས་གདམ་ངའི་ཚིག་བརྗོད་བཀོད་པ་འདིས། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་སྡེབ་གཅིག་ཏུ་འཕོ་འགྱུར་གྱི་གྲོས་བསྡུར་བྱེད་ཆོག་པའི་གནང་བ་ཡོད་པ་བསྟན་མེད།
༩། བཅའ་ཁྲིམས་དོན་ཚན་ ༦༢ ནང་གསེས་ ༤ པར། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་བའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས། དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་བོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་བོ་མ་ལོན་པར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ། ཞེས་པ་ཁྲིམས་ཞིབ་པ་རྣམ་པའི་ལས་ཡུན་ཆགས་ཡོད། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་སྡེབ་གཅིག་ཏུ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་སྒྲིག་གང་གི་ནང་དུའང་གསལ་མི་འདུག་ན། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ འཁོད་པའི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་གྱི་གྲོས་ཆོད་དེ་བཞིན་ཕྱིར་འཐེན་གནང་དགོས་ཆགས་འདུག་པས། དགོངས་བཞེས་མཛད་ཕྱོགས་ཡོང་བ་ཞུ་རྒྱུ།
༡༠། རིང་མིན་སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་སྐོང་འཆར་འདུག་པ་ལྟར། བཀའ་སྤྱི་གཉིས་ཀ་སྐབས་གསར་རྙིང་བརྗེ་བསྒྱུར་གྱི་མཚམས་ལ་ཉེ་བའི་སྐབས་འདིར། བཅའ་ཁྲིམས་བསྐྱར་བཅོས་དང་སྒྲིག་འཛུགས་ཀྱི་མ་འོངས་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་གཏོང་བའི་གནད་དོན་ཐོག །བཀའ་སྤྱི་གཉིས་ཀས་ཁྲིམས་ཡིག་དང་འགྲོ་ལུགས་གང་ཅིར་ཡ་ཡུད་ཐལ་ཚབས་མ་ཤོར་བའི་ཐུགས་གཟབ་ངེས་མཛད་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས། གཤམ་གསལ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། ཁྲིམས་ཞིབ་པ་ཟུར་པ་ཐུན་མོང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༢ ལ། །
༡། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས།
༢། ཁྲིམས་ཞིབ་པ་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས།
༣། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ། (འབྲེལ་བ་ཞུ་ཐབས་མ་བྱུང་)
༤། ཁྲིམས་ཞིབ་བ་ཆེ་བ་ཟུར་པ་གྲལ་ནང་རྣམ་རྒྱལ་ཚེ་རིང༌།
༥། ཁྲིམས་ཞིབ་པ་ཟུར་པ་ཨ་མྱེ་ཚང་ཐུབ་བསྟན་བཀྲ་ཤིས།
༦། ཁྲིམས་ཞིབ་པ་ཆེ་བ་ཟུར་བ་རྒན་ཆེན་པ་ངག་དབང་འཕེལ་རྒྱལ།
༧། ཁྲིམས་ཞིབ་པ་ཟུར་པ་ཆུ་སྟེང་ངག་དབང་ཐུབ་བསྟན།
༨། ཁྲིམས་ཞིབ་པ་ཟུར་པ་ན་མེ་བླ་ཁང་ཚེ་རིང་དོན་གྲུབ།
༩། ཁིམས་ཞིབ་པ་ཟུར་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས།
༡༠། ཁིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ།
༡༡། ཁིམས་ཞིབ་པ་ཟུར་པ་འབུམ་རམས་པ་ངག་དབང་རབ་རྒྱལ།