ཁྲིམས་ཞིབ་པ་ལས་གནས་སུ་བསྐྱར་ལོག་བྱས་པར་ངོས་ལེན་མེད་པའི་ལས་འགུལ་སྤེལ་གྱི་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་༢༠༢༡ ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བའི་གྲོས་ཆོད་བཞག་རྗེས། ཕྱི་ལོ་༢༠༢༡ ཟླ་བ་༥ པའི་ཚེས་༢༤ ཉིན། ཁྲིམས་ཞིབ་པའི་ལས་གནས་སུ་བསྐྱར་ལོག་བྱས་པར་མི་མང་གིས་ངོས་ལེན་མེད་པའི་ས་རྟགས་བསྡུ་རུབ་བྱས་ཏེ། བཀའ་སྤྱི་གཉིས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྙན་ཞུ་ཞིག་ཕུལ་བ་དང་། ཕྱི་ཟླ་༦ ཚེས་༢༥ ཉིན་གངས་སྐྱིད་ཉེ་འཁོར་དུ་ཁྲིམས་ཞིབ་པ་གསུམ་ངོས་ལེན་མེད་པའི་སྦྱར་ཡིག་ཀྱང་བཀྲམ་འདུག
ཁེ་ན་ཌར་གནས་སྡོད་ཐུབ་བསྟན་ནོར་བཟང་གིས་གཙོ་འགན་ཁུར་ས་རྟགས་བསྡུ་རུབ་དགོས་དོན་དང་བརྒྱུད་རིམ་སྐོར་གྱི་ཡིག་ཆ་ཞིག་གསར་འགོད་བརྒྱུད་ལམ་དུ་བཀྲམ་པའི་ནང་། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དགོངས་དོན་ལྟར། ཕྱིར་འབུད་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་གསུམ་གྱིས། ཁྲིམས་གྱི་བརྒྱུད་རིམ་གང་ལ་ཡང་མ་བརྒྱུད་པར། ཕྱི་ལོ་༢༠༢༡ ཟླ་བ་༥ པའི་ཚེས་༢༤ ཉིན། ཁྲིམས་ཞིབ་པའི་ལས་གནས་སུ་བསྐྱར་ལོག་བྱས་པའི་གསལ་བསྒྲགས་སྤེལ་ཡོད། སྐབས་དེར་ཁོ་ཚོ་ཡར་ཡོང་དགོས་དོན་གཙོ་བོ་དེ་མི་མང་གིས་རེ་སྐུལ་གནང་སོང་ཟེར་ཡོད། འོན་ཀྱང་དེ་ནི་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བའི་དཔེ་ལྟར། བཅའ་ཁྲིམས་དགོངས་དོན་ཕྱིར་འབུད་ཟིན་རྗེས། མི་མང་ཁ་ལ་འཁྱེར་ནས་ཡར་འཛུལ་ས་ཞིག་མེད་པ་དང་། མི་མང་གིས་ཁོང་ཚོས་ཁྲིམས་འགལ་གྱིས་ཁྲིམས་ས་ཧམ་བཟུང་བྱས་པ་དེར་ངོ་རྒོལ་མ་གཏོགས། ངོས་ལེན་དང་རྒྱབ་སྐྱོར་མེད་པ་གསལ་འདོན་ཆེད་དུ། མི་མང་གི་བསམ་ཚུལ་ཅི་ཡིན་ཕྱི་གསལ་ནང་གསལ་གྱི་དྲ་ཐོག་གི་སྙན་ཞུ་འདི་མ་བཟོས་ཐབས་མེད་བྱུང་། སྙན་ཞུ་འདི་ཉིད། སྤྱི་ལོ ༢༠༢༡/༥/༢༤ ཉིན་དེ་རང་ལ་བཟོས་ནས་ཚེས་༢༤ ནས་ ༢༦ བར་ཉིན་གྲངས་གསུམ་ལ་མི་གྲངས་༢༠༠༠ ལྷག་གིས་མཚན་རྟགས་རྒྱག་མཁན་བྱུང་སྟེ་གློག་འཕྲིན་བརྒྱུད་ནས་ཚེས་༢༦ སྲིད་སྐྱོང་རྙིང་པའི་དུས་ཡུན་དང་། ༢༧ ཉིན་འདེམས་ཐོན་སྲིད་སྐྱོང་གསར་པའི་དུས་ཡུན་བཅས་ཚེས་གྲངས་སོ་སོར་ཕུལ་ཡོད་”ཅེས་གསལ་འདུག
ཡིག་ཆ་དེའི་ནང་མུ་མཐུད་འཁོད་དོན། “སྙན་ཞུ་འདི་བཟོས་ནས་ཉིན་ཤས་རྗེས་ལ་ཁུངས་ལྡན་གནས་ཚུལ་ཐོས་པར་གཞིགས་ན། སྤྱི་འཐུས་རྒྱུན་ལས་ལ་ཁོ་ཚོར་རྒྱབ་སྐྱོར་བྱེད་མཁན་མི་གྲངས་༥༠༠ ལྷག་མ་གཏོགས་བྱུང་མེད་པ་དང་། ཁོ་ཚོར་ངོ་རྒོལ་རྒྱག་མཁན་མི་གྲངས་༡༡༠༠ ལྷག་བྱུང་ཡོད་སྐད། སྐབས་དེར་ཁོ་ཚོས་མི་གྲངས་༥༠༠ ལྷག་དེ་མི་མང་ལ་རྩིས་ནས་མི་གྲངས་༡༡༠༠ ལྷག་འདི་རྩིས་མེད་བཏང་འདུག དེ་ནས་༢༠༢༡/༦/༤ བར་ཉིན་གྲངས་༡༢ ནང་ལ་མི་མང་༣༡༠༦ གིས་ཁྲིམས་ཞིབ་པ་ཟུར་པ་གསུམ་གྱིས་ཁྲིམས་སྒྲིག་གི་རྒྱབ་རྟེན་གང་ཡང་མེད་པར། སོ་སོའི་གོ་གནས་རྙིང་པ་ལ་རང་མོས་བསྐྱར་ལོག་བྱས་པ་དེར་ངོས་ལེན་རྩ་བ་ནས་མེད་པའི་དྲ་ཐོག་གི་སྙན་ཞུར་མཚན་རྟགས་བསྐྱོན་པའི་མཚན་གཞུང་ཤོག་གྲངས་༡༤༣ དང་། མཆན་བསྐྱོན་པ་ཤོག་གྲངས་༡༣ བཅས། ཁྱོན་སྡོམ་ཤོག་གྲངས་༡༥༦ དེ་བཞིན། སྤྱི་ལོ ༢༠༢༡/༦/༤ ཉིན་དྲ་ཐོག་གི་སྙན་ཞུའི་གོ་སྒྲིག་པ་གུས་པ་ཐུབ་བསྟན་ནོར་བཟང་གི་གློག་འཕྲིན་ norsang31@yahoo.com བརྒྱུད་ནས་བཀའ་ཤག་དང་སྤྱི་འཐུས། ཁྲིམས་ཞིབ་ཁང་། སྲིད་སྐྱོང་དྲུང་ཡིག སྐུ་སྒེར་དྲུང་ཆེ་བཅས་ཀྱི་གློག་འཕྲིན་ཁ་བྱང་ཐོག་འབུལ་ལམ་ཞུས་ཟིན་ནའང་། དེ་དག་གི་ལས་ཁུངས་ནས་འདི་བྱས་འདི་ཡིན་གྱི་བཀའ་ལན་གང་ཡང་མ་ཕེབས་པར་བརྟེན། ད་ལན་སྙན་ཞུར་མཚན་རྟགས་འགོད་མཁན་མི་མང་གི་སྐུ་ཚབ་རྡ་སར་གནས་བཞུགས་སྐུ་ཞབས་བྱང་ཆུབ་རྡོ་རྗེ་ལགས་དང་། སྐུ་ཞབས་བློ་བཟང་བློ་དགའ་ལགས་གཉིས་ཀྱིས་གཙོས། འཐབ་གྲོགས་ཁག་གཅིག་གིས་གོང་གསལ་སྙན་ཞུ་རྣམས་ཤོག་བུའི་ཐོག་ཏུ་པར་བསྐྲུན་ཞུས་སྟེ། ཤོག་ལྷེ་༡༥༦ ཡོད་པའི་སྙན་ཞུའི་དེབ་གཟུགས་ལྔ་དང་། སྙན་ཞུ་ལྷུག་མ་༤ བཟོས་ཏེ། ༡༽ སྤྱི་འཐུས་ཀྱི་ཚོགས་དྲུང་། ༢༽ བཀའ་ཤག་གི་བཀའ་དྲུང་། ༣༽ ཁྲིམས་ཞིབ་པའི་ཁྲིམས་དྲུང་། ༤༽ དབུས་འོས་བསྡུ་ལྷན་ཁང་། ༥༽ སྐུ་སྒེར་དྲུང་ཆེ།༦༽ གསར་འགོད་ལྷན་ཚོགས་བཅས་ལ་ཆེད་བཅར་གྱིས་འབུལ་ལམ་ཞུས་ཡོད་”ཅེས་འཁོད་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།