ཆེད་བརྗོད།
བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་དུས་ཚོད་ཐུང་ངུ་ཞིག་གི་ནང་གྲུབ་འབྲས་ཐོན་ཐུབ་པ་ཞིག་མིན་ནའང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྩ་དོན་འཐབ་རྩོད་བྱེད་སའི་ཁ་ཕྱོགས་དང་། སྤྱི་ཚོགས་ནང་གི་རྩ་དོན་འཐབ་རྩོད་བྱེད་པའི་གཞི་རྩའི་བསམ་བློ་སོགས་གང་ཐད་ནས་བལྟས་ཀྱང་། ད་ལྟ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་པའི་གོ་སྐབས་འདི་དང་བསྡུར་ན། ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་བསམ་བློ་གང་ཐད་ནས་རྗེས་ལུས་ཡིན་པ་ཙམ་དུ་མ་ཟད། ཉེན་ཁའི་ཕྱོགས་སུ་བསྐྱོད་བཞིན་པའི་རྣམ་པ་ཧ་ཅང་གསལ་པོར་གྱུར་འདུག ཕྱི་ལོ་༢༠༡༢ དང་༢༠༡༣ གཡས་གཡོན་དུ་དབུ་མའི་ལམ་དང་། རང་བཙན་སླར་གསོ་དགོས་པའི་ཐོག་ལ་རྩོད་གླེང་མང་པོ་ཞིག་བྱུང་ཡོད་ཅིང་། སྐབས་དེ་དུས་ཁ་ཕྱོགས་དེའི་ཐོག་ནས་རྩོད་པ་བརྒྱབ་པའི་རྒྱུ་མཚན་ལ་བརྟེན་ནས། སྤྱི་ཚོགས་ཁ་འཐོར་དུ་འགྲོ་སྲིད་པ་དང་། རྩ་དོན་འཐབ་རྩོད་ཀྱི་ཉམས་ཉེས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་མང་པོ་བྱུང་སོང་།
ལངས་ཕྱོགས་འདི་གཉིས་ཀྱི་གང་ཡིན་ཡང་། དམིགས་ས་གཙོ་བོ་རྩ་དོན་འཐབ་རྩོད་ལ་ཐུག་ཡོད་པས། དེ་ལ་བརྟེན་ནས་སྤྱི་ཚོགས་དུམ་བུ་གཉིས་སུ་འགྱུར་མི་སྲིད་པ་དང་། རྩོད་གླེང་དེའི་ནང་༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་བྱེད་མཁན་ཡིན་མིན། ཐ་ན་༧གོང་ས་མཆོག་ལ་བརྩི་བཀུར་ཞུ་མཁན་ཡིན་མིན་གྱི་ཐོག་ནས་ཞྭ་མོ་གཡོགས་རེས་བྱས་པ་ཙམ་ལས། རྩོད་གླེང་གི་ཁ་ཕྱོགས་འདི་ནི་བོད་དོན་འཐབ་རྩོད་ཀྱི་དགོས་མཁོའི་ཐོག་ནས་མི་དགོས་པའི་རྩོད་རྙོག་ཅིག་གཏན་ནས་མ་རེད། ཕྱོགས་གཉིས་ཀའི་ནང་ཀུན་སློང་དང་དམིགས་ཡུལ་མི་འདྲ་བར་སྒེར་གྱི་ཁེ་ཕན་ཉི་ཚེ་བར་རེ་ལྟོས་བྱེད་མཁན་རེ་ཟུང་ཙམ་རེ་ཡོད་སྲིད་པ་ལས། གཞན་གནད་དོན་འདི་ལྟ་བུ་བྱུང་བ་ནི་རྩ་དོན་འཐབ་རྩོད་ཀྱི་བསམ་བློ་དང་དེ་དང་འབྲེལ་བའི་ཚོར་སྣང་གསོན་པོར་གནས་ཡོད་པ་ནི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་པ་དང་། མ་འོངས་པའི་མི་ལོ་བཅུ་དང་བཅོ་ལྔ་ཙམ་ནས་རྩོད་གླེང་འདི་ཡང་མེད་པར། ནང་ཁུལ་གྱི་རྩོད་རྙོག་ཁོ་ན་ལས་རྩ་དོན་དང་འབྲེལ་བའི་རྩོད་གླེང་མེད་པར་འགྱུར་ངེས་པ་དེ་ཉེན་ཁ་ཆེན་པོ་ཡིན་ཚུལ་སྐབས་དེར་ཡང་གླེང་མྱོང་།
ད་ལྟའི་དུས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ལས་ཐོག་རྣམ་པ་དང་། ཟུར་པ་རྣམས་ཀྱི་དབར་དུ་ཕྱོགས་གཏོགས་དང་དབང་ཤུགས་ཀྱི་ཆེད་དུ་ཁ་གཏད་གཅོག་རེས་དང་། གཞི་རིམ་སྤྱི་ཚོགས་ནང་རང་ཉིད་ཀྱིས་རྒྱབ་སྐྱོར་བྱས་པའི་སྲིད་སྐྱོང་དང་། སྤྱི་འཐུས་སུ་ཡིན་ཡང་ནོར་འཁྲུལ་ག་རེ་ཡོད་ཀྱང་སྐྱོན་དུ་མི་བརྩི་ཞིང་། རང་ཉིད་ཀྱིས་རྒྱབ་སྐྱོར་མེད་པའི་སྲིད་སྐྱོང་དང་སྤྱི་འཐུས་སུ་ཡིན་ཡང་ནོར་འཁྲུལ་ཡོད་ན་སྨྲོས་མི་དགོས་ཀྱང་། བྱས་རྗེས་དང་གྲུབ་འབྲས་དངོས་སུ་མཐོང་རྒྱུ་ཡོད་ཀྱང་། ནོར་འཁྲུལ་ཁོ་ན་རུ་འགྲེལ་བ། དེ་དང་དེའི་ཤོག་ཁག་གི་འཐབ་རྩོད་ཁོ་ནའི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ཧྲིལ་པོ་ཚུད་བསྡད་པ་ལྟ་བུའི་རྣམ་པ་ཞིག་སྟོན་གང་ཐུབ་བྱེད་བཞིན་འདུག ད་ལྟའི་ཆར་དྲ་ལམ་ཁག་ཏུ་ལས་ཐོག་དང་ཟུར་པ་ཁག་ཅིག་གིས་སྣེ་ཁྲིད་ནས། དྲ་འབུ་རྣམས་ཀྱིས་འུར་སློང་བཞིན་པ་ལས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སུ་ཤུགས་རྐྱེན་དེ་ཙམ་ཐེབས་མེད་ཀྱང་། མ་འོངས་པར་ཉེན་ཁ་ཆེན་པོར་གྱུར་ཡོད་པ་འདི་ནི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ཁ་གསབ་བྱེད་ཐབས་མེད་པའི་གྱོང་གུད་ཅིག་ཏུ་གྱུར་ཡོད།
རིམ་པས་དོ་སྣང་ཡོད་མཁན་རྣམས་རྩ་དོན་འཐབ་རྩོད་ཀྱི་སེམས་ཤུགས་ཉམས་ནས་དོན་མེད་རྩོད་རྙོག་གི་ནང་དུ་མགོ་འཁོར་བ་དང་། དོ་སྣང་མེད་མཁན་རྣམས་ཀྱིས་རང་གི་ཟས་གོས་གནས་མལ་ཁོ་ནའི་ཆེད་དུས་ཚོད་གཏོང་བ་ལས་རྩ་དོན་འཐབ་རྩོད་ནི་གླེང་སློང་ཙམ་ཡང་མེད་པར་འགྱུར་སྲིད་པ་རེད་འདུག ད་དུང་ཕྱོགས་གཅིག་ནས་རྒྱ་དམར་གཞུང་གིས་འགྲོ་སོང་ཕོན་ཆེ་བཏང་ནས་བོད་པའི་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོ་ཐབས་བྱེད་བཞིན་པ་དང་། དེ་ཡང་མི་སྣ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་དྲ་རྙི་དེའི་ནང་དུ་ཤེས་བཞིན་དུ་ཚུད་མཁན་དང་། མ་ཤེས་པའི་ཐོག་ནས་ཚུད་མཁན་ཡང་མང་པོ་ཡོང་གི་ཡོད་འདུག་པ་ནི། དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་ཞིག་གི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་པ་ལྟ་བུར་གྱུར་ཡོད། གནས་སྟངས་འདི་ལྟ་བུར་གྱུར་སྐབས་སུ་རྩ་དོན་ལས་ནང་ཁུལ་གྱི་རྩོད་རྙོག་གལ་ཆེན་པོར་བརྩི་བ་དང་། ཁྲིམས་ལས་གང་ཟག་གཙོ་བོར་འཛིན་པ། སྤྱི་པའི་སྒྲིག་འཛུགས་ལས་སྒེར་གྱི་མཐུན་ཕྱོགས་གཙོ་བོར་འཛིན་པའི་ཁོར་ཡུག་ཅིག་ཏུ་འགྱུར་བཞིན་པ་ལྟ་བུ་འདུག
མདོར་ན་མི་སྒེར་ཞིག་སྣང་བར་མི་འགྲོ་བ་རྒྱུ་མཚན་དུ་བྱས་ནས་སྤྱི་པའི་སྒྲིག་འཛུགས་ལ་གནོད་སྐྱོན་སོང་ཡང་ཅི་མི་སྙམ་པའི་བསམ་བློ་གཏོང་མཁན་གནད་ཡོད་མི་སྣ་རུ་རློམ་མཁན་གྱི་ནང་དུའང་མང་པོ་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཉམས་ཆག་ཏུ་གྱུར་ན་ཆེ་ས་ནས་རྩ་དོན་འཐབ་རྩོད་བརླག་འགྲོ་བ་དང་། གཞན་བུ་ཕྲུག་གི་ཤེས་ཡོན། གཞིས་ཆགས་ཁག་གི་འཚོ་རྟེན། གཞུང་སྒེར་གྱི་སྒྲིག་འཛུགས་ཁག་གི་ལས་བྱེད་པ་རྣམས་ཀྱི་མཐུན་རྐྱེན་ཡང་མེད་པར་འགྱུར་ངེས་རེད། དེའི་ཞོར་དུ་མི་ཚེ་སྒྲིག་འཛུགས་ཀྱི་ནང་དུ་བཏང་བའི་ལས་བྱེད་ཟུར་པ་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་མཁན་རྣམས་ཀྱི་འཚོ་བར་ཡང་གནོད་སྐྱོན་ཡོང་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་ལ། གང་ལྟར་མིང་ཆེ་ཆུང་དང་། ལོ་ཆེ་ཆུང་། འབྲེལ་ལམ་ཆེ་ཆུང་། ཤུགས་རྐྱེན་ཆེ་ཆུང་ཁོ་ན་བསྡུར་བ་ཙམ་མ་ཡིན་པར་སྒྲིག་འཛུགས་གཙོ་བོར་འཛིན་མ་ཐུབ་ན། ཤིག་ལ་གནོད་སྐྱེལ་བའི་ཆེད་དུ་པགས་རྩག་མེ་ལ་བསྲེག་པ་ལྟ་བུར་འགྱུར་ངེས་རེད་སྙམ་པའི་སེམས་ཁྲལ་ཞིག་འདུག་ཀྱང་། རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཙམ་ཡིན་པའི་སྨོན་ལམ་འདེབས།།