གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་གཏོང་རྒྱུ་ཡིན་པར་བརྗོད་འདུག

རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་བའི་པར།

རྒྱ་དཀར་ནག་གཉིས་བར་ད་ཆར་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་ཡོད་པའི་སྐབས་དེར། བོད་ནང་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོར་གནས་མཇལ་འགྲོ་མཁན་རྒྱ་གར་བ་རྣམས་ཀྱི་ཆེད་ཐད་ཀར་གནམ་གྲུའི་འགྲུལ་བཞུད་སླར་ཡང་འགོ་འཛུགས་བྱེད་གཏན་འཁེལ་ཡོད་པ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་གནས་ཚུལ་སྤེལ་འདུག 

ཕྱི་ཚེས་༢༨ ཉིན་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་༡༠ པའི་ཨུ་རུ་སུའི་ས་ཆ་( Kazan)དུ་རྒྱ་གར་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་གཉིས་བར་ཐུག་འཕྲད་སྐབས་གྲོས་བསྡུར་བྱུང་བ་བཞིན། ཉེ་ཆར་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་(Vikram Misri)་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་(Sun Weidong)གཉིས་ཐུག་འཕྲད་ཀྱིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་བསྐྱར་ཞིབ་དང་། མི་མང་ལ་དམིགས་པའི་ཐབས་ལམ་ཁག་ཅིག་བརྒྱུད་ཕན་ཚུན་འབྲེལ་ལམ་སྲ་བརྟན་དང་བསྐྱར་གསོ་བྱ་རྒྱུའི་ཐག་གཅོད་བྱུང་འདུག

རྒྱ་ནག་གི་ངོས་ནས་ཕྱི་ལོ་༢༠༢༠ ལོའི་ཏོག་དབྱིབས་ནད་ཡམས་སྐབས་དང་ལྷག་པར་དུ་གྷལ་ཝན་ལུང་གཤོང་ནང་རྒྱ་དཀར་ནག་གཉིས་བར་གདོང་ཐུག་བྱུང་བ་ནས་འདས་པའི་ལོ་ངོ་ལྔ་ལྷག་ཙམ་གྱི་རིང་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་གཏོང་རྒྱུར་བཀག་འགོག་བྱས་ཡོད་འདུག་ཀྱང་། འདི་ལོའི་དབྱར་ཁ་ནས་ལས་རིམ་དེ་སླར་ཡང་འགོ་འཛུགས་བྱ་རྒྱུ་ཡིན་འདུག་པ་དང་།  དེ་འབྲེལ་ལས་དོན་བྱེད་ཕྱོགས་ཐོག་ལ་ཕྱོགས་གཉིས་ཀྱི་དཔོན་རིགས་དབར་གྲོས་མཐུན་བྱུང་བ་བཞིན་བྱེད་རྒྱུ་དང་། དེ་བཞིན་ཕྱི་ལོ་༢༠༠༢ དང་༢༠༠༥ ལོར་རྒྱལ་ཁབ་གཉིས་ཀྱིས་ཡར་ཀླུང་གཙང་པོ་དང་། གླང་ཆེན་ཁ་བབ་སོགས་ཀྱི་གཙང་ཆུའི་གནས་ཚུལ་སྐོར་གྱི་གྲངས་ཐོ་སྤྲོད་རེས་ཀྱི་གྲོས་མཐུན་ཡོད་པ་བཞིན། ད་ཆ་སླར་ཡང་གཙང་པོའི་གནད་དོན་སོགས་ཀྱི་ཐོག་ཆེད་མཁས་པ་རིམ་པའི་ཚོགས་འདུ་ཞིག་སྔ་ནུར་འཚོག་རྒྱུ་ཡིན་སྐོར་ཡང་བཀོད་འདུག མ་ཟད་ཕྱོགས་གཉིས་ཀས་མི་མང་དང་མི་མང་བར་དུ་འབྲེལ་འདྲིས་དང་། གསར་འགོད་པ། ཉམས་ཞིབ་ལྟེ་གནས་ཁང་དེ་འདྲ་ཚུད་པའི་མི་མང་བརྗེ་རེས་བྱེད་ཆེད་དུ། རྒྱལ་ཁབ་འདི་གཉིས་བར་ལ་གནམ་གྲུ་ཐད་ཀར་འགྲུལ་བཞུད་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་། དེ་འབྲེལ་དཔོན་རིགས་རྣམས་ནས་ལས་འཆར་དེའི་ཐོག་གྲོས་མོལ་ཆེད་དུ་ཚོགས་འདུ་མགྱོགས་མྱུར་འཚོག་རྒྱུ་ཡིན་སྐོར་བཀོད་འདུག

དེ་བཞིན་ཕྱི་ལོ་ ༢༠༢༥ ལོ་ནི་རྒྱ་དཀར་ནག་གཉིས་དབར་གཞུང་འབྲེལ་འབྲེལ་ལམ་འགོ་བཙུགས་ཏེ་མི་ལོ་ ༧༥ འཁོར་བའི་དུས་དྲན་ཡིན་སྟབས། ཕྱོགས་གཉིས་ཀྱི་མི་མང་བར་འབྲེལ་ལམ་བཟང་པོ་ཡོང་ཆེད་འབད་བརྩོན་ལྡབ་འགྱུར་བྱས་ནས་ཕན་ཚུན་ཡིད་ཆེས་དང་གདེང་ཚོད་བསྐྲུན་རྒྱུ་ཡིན་པ་མ་ཟད།  ཚོང་འབྲེལ་གྱི་ལས་དོན་ཅི་ཡིན་ཐོག་ལའང་ཕྱོགས་གཉིས་ཀ་ནས་གནས་ཚུལ་ཕྱི་གསལ་ནང་གསལ་འཇོག་རྒྱུ་ཡིན་སྐོར་སོགས་ཀྱང་བཀོད་འདུག གཞི་རྩའི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ(Vikram Misri)ཡིས་ཐེངས་འདིའི་རྒྱ་ནག་ནང་གི་རྒྱལ་དོན་འཚམས་གཟིགས་ཁྲོད། རྒྱ་ནག་དམར་ཤོག་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་ཚན་པའི་འགན་འཛིན་(Liu Jianchao)དང་ཐུག་འཕྲད་ཀྱིས། གཙོ་བོ་ལ་དྭགས་ས་མཚམས་ཀྱི་གྲོས་མཐུན་ལག་བསྟར་དང་། ཕྱོགས་གཉིས་ཀྱི་བར་འབྲེལ་ལམ་ཡག་ཏུ་གཏོང་ཐབས་སོགས་ཀྱི་ཐད་ལ་གྲོས་མོལ་བྱུང་ཡོད་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi )དང་ལྷན་དུའང་ཐུག་འཕྲད་བྱས་པ་ལྟར། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་ལྟར་ན། (Wang Yi )་ཡིས་སྐབས་དེར་ཁོ་ལ་རྒྱལ་ཁབ་ཕྱོགས་གཉིས་ཀས་ཐེངས་འདིའི་གོ་སྐབས་བཟུང་ནས་ཕན་ཚུན་གྱི་དགོས་མཁོར་བསམ་ཤེས་བྱས་ཏེ། དོན་སྙིང་ལྡན་པའི་ཐབས་ལམ་མང་ཙམ་འཚོལ་ཞིབ་བྱས་ནས་ཕན་ཚུན་ཡིད་ཆེས་དང་། རྒྱབ་སྐྱོར། ཕན་ཚུན་གྲུབ་འབྲས་བཅས་ཀྱི་ཕྱོགས་སུ་འབད་དགོས་པ་ལས། དོགས་ཟོན། འགྲན་རྩོད་བྱས་ནས་བསྡད་ན་མི་འགྲིག་ཚུལ་བརྗོད་ཡོད་འདུག

སྤྱིར་ཕྱི་ལོ་༢༠༢༠ ནང་ལ་དྭགས་གྷལ་ཝན་ལུང་གཤོང་དུ་ཆགས་པའི་འཕགས་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བར་གདོང་ཐུག་ཤུགས་ཆེར་བྱུང་ཡོད་པར་བརྟེན། འདས་པའི་ལོ་བཞི་ལྷག་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞེན་ཇེ་སྡུག་ཏུ་སོང་ཡོད་ཀྱང་། ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༢༡ ཉིན་ལ་དྭགས་ཤར་ཕྱོགས་ (Depsang)དང་(Demchok)ཁུལ་དུ་དམག་དོན་ཕྱིར་འཐེན་དང་སྐོར་གཡེང་བྱེད་ཕྱོགས་ཐད་ཕྱོགས་གཉིས་དབར་གྲོས་མཐུན་བྱུང་བ་མ་ཟད། ཟླ་བ་དེའི་ཚེས་༢༤ ཉིན་ཨུ་རུ་སུའི་ནང་(BRICS )ལྷན་ཚོགས་ཀྱི་ཟུར་ཚོགས་ཤིག་གི་ཐོག་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཐུག་འཕྲད་དང་། དེ་རྗེས་ཕྱོགས་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་སོགས་ཐུགས་འཕྲད་རིམ་པ་བྱུང་བ་ལྟར། ད་ཐེངས་ཀྱི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་དེའང་ཕྱོགས་གཉིས་ཀྱི་འགོ་ཁྲིད་རིམ་པའི་གྲོས་མོལ་མཇུག་སྐྱོང་གིས་འབྲེལ་ལམ་བསྐྱར་གསོའི་ཆེད་དུ་ཡིན་པ་རེད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།