གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྐོར་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད།

ཟླ་འདིའི་ཚེས་༣༡ ཉིན་ཏེ། དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༣ པའི་ཉིན་མཐའ་མའི་ཉིན། དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཀའ་ཤག་གསར་པས་སྒོ་རྒྱག་འཆར་ཡོད་པས། རྒྱུན་མཐུད་ལས་དོན་བྱེད་ཐུབ་མིན་སྐོར་ལ་གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་པའི་གཞུང་འབྲེལ་གྲོས་འཆར་ལ་དགག་པ་རྒྱག་མཁན་སྤྱི་འཐུས་༡ དང་། རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༣༣ བྱུང་ནས་ཚད་མཐོའི་མང་མོས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད།

གྲོས་ཆོད་ཀྱི་སྔོན་གླེང་ནང་དུ་“བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་བབ་བཟང་དུ་བཏང་ནས་གཞན་རྟེན་གྱི་བསམ་བློ་དོར་ཏེ་རང་ཁ་རང་གསོ་ཐུབ་སླད་དངུལ་ཁང་ལྟ་བུའི་ཁེ་ཡོད་དཔལ་འབྱོར་སྡེ་ཚན་ནམ་སྒྲིག་འཛུགས་ཤིག་དཔལ་འབྱོར་ལས་ཁུངས་ཀྱིས་འགན་བཞེས་ཐོག་ཕྱི་ལོ་༢༠༡༥ ལོར་ཆེད་འཛུགས་གནང་བ་དང་། ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༢༨ ཉིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་ཁེ་ཡོད་སྒྲིག་འཛུགས་ཀྱི་ངོ་བོར་དེབ་སྐྱེལ་བྱས་ཤིང་། ཕྱི་ལོ་༢༠༡༨ ཕྱི་ཟླ་༡༢ ཚེས་༡༣ ཉིན་རྒྱ་གར་དབུས་དངུལ་ཁང་ཆེན་མོ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དངུལ་ཁང་ལྟ་བུའི་དཔལ་འབྱོར་གྱི་ལས་གཞི་དངོས་སུ་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་པ་བྱུང་ཡོད། སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༢ པ་དང་། ཚོགས་དུས་༣ པ་སྔོན་རྩིས་གྲོས་ཚོགས་བཅས་ཀྱི་སྐབས་བགྲོ་གླེང་གསལ་བཤད་ལན་འདེབས་བྱུང་བ་གཞི་རྩར་བཟུང་པའི་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཞིག་འཛུགས་རྒྱུར་གྲོས་ཆོད་ཅིག་འཇོག་དགོས་པ་གལ་ཆེར་མཐོང་”ཞེས་འཁོད་འདུག

གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་ཡོད་པ་དང་། ༡ “སྔོན་གླེང་ནང་གསལ་ལྟར་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ་དང་། ཚོགས་ཚུང་དེས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་དོ་ནན་གནང་དགོས་རྒྱུ། ༢ ཚོགས་ཆུང་ནས་གནས་ཡུལ་གཞུང་གི་ཁྲིམས་ལུགས་དང་། མ་འཛུགས་བྱ་ཕྱོགས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་བབ། མ་འོངས་དམིགས་ཡུལ་གཞིར་བཟུང་ཡོང་ཐུབ་མིན་གྱི་སྙན་ཐོ་ཁ་གསལ་ཞིག་འདོན་ཐུབ་པ་དགོས་རྒྱུ། གྲུབ་དོན་སྙན་ཐོ་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༤ པའི་གོང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ།  ༣ ཚོགས་ཆུང་གི་སྙན་ཐོ་གཞིར་བཟུང་གྲོས་ཚོགས་ནས་ཐག་གཅོད་ཁ་གསལ་ཞིག་མ་བྱུང་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་རྣམས་ད་མུས་བཞིན་མུ་མཐུད་གནང་དགོས་རྒྱུ་”ཞེས་ཚད་མཐོའི་མང་མོས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།