གངས་སྐྱིད་དུ་ངོ་རྒོལ་ལས་འགུལ་མཚམས་འཇོག
ཟླ་འདིིའི་ཚེས་༢༤ ཉིན་གྲོས་ཚོགས་མཇུག་བསྒྲིལ་བ་དང་། སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་ཉིན་བདུན་རིང་ལས་འགུལ་སྤེལ་ཏེ། མཇུག་བསྡུས་ཡོད་པ་རེད།
ལས་འགུལ་དེའི་མགྲིན་ཚབ་པ་ནིའུ་ཡོག་ནས་ཡོང་བའི་འཕྲིན་ལས་སྐལ་བཟང་གིས། ང་ཚོའི་བསམ་ཚུལ་ནི་སྤྱི་ཚོགས་ནང་གི་དཀའ་རྙོག་སེལ་ཐབས་སུ་སྙན་ཞུ་རིམ་པ་ཕུལ་ཡིན་ལ། ས་གནས་མང་པོར་ངོ་རྒོལ་ལས་འགུལ་བྱུང་ཡོད་སྐོར་དང་། འདས་པའི་ལོ་རྒྱུས་ནང་ལའང་མཁས་པ་མང་པོས་ལམ་སྟོན་ནང་སྤྱི་ཚོགས་ཞི་འཇམ་ཡོང་ཐབས་སུ་དོ་བདག་རང་ཉིད་ལས་གནས་ནས་དགོངས་པ་ཞུས་ན་ཡག་ཤོས་ཡིན་སྐོར་གསུངས་ཡོད་སྐོར། དགོས་འདུན་གཉིས་པ་དེ་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་ཞེས་ཚེས་༡༧ ནས་དེ་རིང་བར་ལས་འགུལ་སྤེལ་ཡོད་སྐོར་གསུངས་སོང་།
འཕྲིན་ལས་སྐལ་བཟང་གིས་མུ་མཐུད་གསུང་དོན། རེ་བ་གཉིས་དེ་ཧ་ལམ་རེ་བ་མེད་པ་འདྲ་ཆགས་སོང་། ང་ཚོས་བདམས་པའི་བཀའ་ཤག་དང་སྤྱི་འཐུས་ལ་འགན་ཡོད་རེད། དེ་རིང་ལས་འགུལ་མཚམས་འཇོག་གི་ཡོད་ནའང་། གནས་ཚུལ་ག་རེ་བྱུང་མིན་ང་ཚོས་ཚོད་དཔག་ཐུབ་ཀྱི་མ་རེད། ཁ་ཉིན་གྲྭ་པ་ཞིག་གིས་རང་ལུས་མེ་ལ་ཕུལ་ཡ་ཡོང་གི་རེད་ཅེས་བརྡ་ཞིག་བཏང་ཡོད་རེད་ལ། མི་མང་ནང་ཚོར་བ་ཆེན་པོ་རེད། དེ་སྒེར་དོན་མ་རེད་ལ་སྤྱི་དོན་ཡིན་པས། མ་འོངས་པར་ཡག་ཉེས་ག་རེ་བྱུང་ཡོང་། འགན་དེ་སྲིད་སྐྱོང་གཙོས་བཀའ་ཤག་དང་གྲོས་ཚོགས་ལ་ཡོད་སྐོར་གསུངས་སོང་།
གསར་འགོད་པས་ཁྱེད་ཚོས་ལས་འགུལ་ཉིན་གཉིས་པར་གྲོས་ཚོགས་ནང་སྙན་ཞུ་ཕུལ་སྐབས། སྤྱི་འཐུས་བསྟན་པ་ཡར་འཕེལ་སྐོར་མི་འདུག་ལ། ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སྐོར་ལ། ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་སྐོར་འཁོད་འདུག སྤྱི་འཐུས་ཁོང་གིས་གསར་འགོད་བརྒྱུད་ལམ་ལ་གནད་དོན་དེའི་སྐོར་དྲིས་ལན་གནང་ཡོད་པས། དེ་ཡིས་འགྲིག་པར་ངོས་བཟུང་རེད་དམ་ཞེས་དྲིས་པར། འཕྲིན་ལས་སྐལ་བཟང་གིས། ཐོག་མའི་ཞུ་གཏུག་ལ་འགྱུར་བ་མེད་ནའང་། གྲོས་ཚོགས་ནང་དོན་གཅོད་འཕོ་འགྱུར་སྐོར་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་སྐོར་གླེང་སློང་བྱུང་ཡོད་པས། དེ་ལ་ཕན་ཐོགས་བྱུང་ན་བསམ་ནས་སྙན་ཞུའི་ནང་གནད་དོན་དེ་གཅིག་པུ་ཕུལ་བ་ཡིན་སྐོར་འགྲེལ་བརྗོད་གནང་སོང་ལ། བཀའ་ཤག་དང་སྤྱི་འཐུས་ཚོ་ཐུག་གི་ཡོང་རྒྱུར་རེ་བ་བྱས་ཀྱང་ཡོང་མེད་སྐོར་འགྲེལ་བརྗོད་གནང་སོང་།
གྲོས་ཚོགས་གྲོལ་རྗེས་སྤྱི་འཐུས་༡༤ ཙམ་ཁོང་ཚོར་ཐུག་འཕྲད་ལ་ཕྱིན་ཡོད་པ་དང་། ཀའ་ཤག་གིས་ལས་འགུལ་བ་རྣམས་ལ་ཐུག་རྒྱུའི་རྣམ་འགྱུར་ཞིག་ཡོད་སྟབས། བཀའ་ཤག་ལ་རེ་བ་བཟང་ཕྱོགས་ནས་རེ་བ་རྒྱག་དགོས་སྐོར་བརྗོད་ཡོད་འདུག་ལ། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེ་རྗེས་བཀའ་ཤག་གི་དྲུང་འཕར་ལས་འགུལ་བ་ཚོ་ཡོད་སར་ཐུག་སར་ཡོང་ནས། ལས་འགུལ་བ་ཚོའི་སྐུ་ཚབ་ཁག་ཅིག་ཡར་བཀའ་ཤག་ལ་ཡོང་རོགས་གསུངས་པ་དང་། འཕྲིན་ལས་སྐལ་བཟང་གིས་ཁུག་ཀྱོག་ལ་ཐུག་ནས་ཕན་མི་ཐོགས་སྐོར་དང་། གསར་འགོད་པ་མེད་ནའང་། བརྙན་རྒྱག་གི་དགོས་པ་ལས། དེ་མིན་ཐུག་ནས་ཕན་ཐོགས་མེད་སྐོར་འགྲེལ་བརྗོད་གནང་འདུག བཀའ་དྲུང་གིས་འགོ་དམངས་བར་ལ་ཞུ་གཏུག་བྱེད་སྟངས་ཡོད་པས། གཟབ་གཟབ་གནང་དགོས་སྐོར་གསུངས་ཡོ་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།