གཅིག་སྒྲིལ་གྱི་གཞི་རྩ་མང་གཙོ་ཡིན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༣ ཕྱི་ལོ་ ༢༠༡༥/༡༠/༧
ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་འོས་བསྡུ་ཆེན་མོ་སླེབས་ཡོད་སྟབས་དྲ་ལམ་ཁག་ཏུ་གཞི་རྩ་མེད་པའི་སྐྱོན་འཛུགས་དང་། འདྲ་པར་སྣ་ཚོགས་རྫུན་བཟོ་བྱས་ནས་ཕན་ཚུན་དམའ་འབེབས་བྱེད་རེས་བྱེད་བཞིན་འདུག་ལ། དེ་ཡང་སྲིད་སྐྱོང་འོས་བསྡུ་ཁོ་ནའི་ཐོག་ནས་བལྟས་ན་འགྲན་རྩོད་ངོ་མའི་གྲས་སུ་སླེབས་ཐུབ་མཁན་གྱི་སྲིད་སྐྱོང་འོས་མི་དག་གི་རྒྱབ་སྐྱོར་བས་ཕན་ཚུན་ཁ་གཏོང་རེས་དང་ཕྱོགས་ཞེན་གྱི་རྣམ་པ་གསལ་པོ་མངོན་བཞིན་འདུག ད་དུང་དེའི་ནང་ཆེད་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་བསམ་བློའི་ཐོག་ནས་ཁ་འཐོར་དགུ་འཐོར་དུ་གཏོང་ཐབས་ཀྱི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་དགྲ་ཕྱོགས་ཀྱི་བསླུ་བྲིད་ལ་མགོ་འཁོར་མཁན་ཡང་ཡོད་ཚོད་རེད། སྤྱིར་གང་ཟག་རང་ག་བ་ཞིག་ལ་མཚོན་ན་རང་ཉིད་ཀྱི་འདོད་ཕྱོགས་ལ་རྒྱབ་སྐྱོར་དང། དེའི་ལྡོག་ཕྱོགས་ལ་རྒྱལ་ཁ་མི་འཐོབ་པའི་ཐབས་ཤེས་སྣ་ཚོགས་བྱེད་བཞིན་པ་འདི་ཉིད་རྒྱུན་ལྡན་ལྟ་བུ་ཞིག་ལས། བཙན་བྱོལ་བོད་མི་ཁོ་ན་ལས་འཛམ་གླིང་སྤྱི་ཡོངས་ལ་མེད་པའི་དམིགས་བསལ་བ་ཞིག་ཀྱང་གཏན་ནས་མིན།
ཚོགས་སྡེ་ཁག་དང། མགོ་ཁྲིད་མཁན་རྣམ་པ། མི་མང་དཀྱུས་མ་བཅས་ཀྱིས་མངོན་གསལ་དང་མངོན་གསལ་མ་ཡིན་པའི་བྱེད་ཕྱོགས་ཁ་ཤས་ལ་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ནས་ར་བྲག་འདོད་ཀྱིས་བྲག་དང། ལུག་སྤང་འདོད་ཀྱི་སྤང་བྱས་ནས་གཅིག་འོག་ཏུ་གཅིག་མི་འདུ་བར་ཁ་འཐོར་དགུ་འཐོར་དུ་འགྲོ་ངེས་རེད་སྙམ་པའི་མཐོང་ཚུལ་ཡོད་མཁན་ཡང་མང་པོ་ཡོད་ལ། རྒྱལ་ཁབ་ཤོར་ནས་སྐྱབས་བཅོལ་དུ་སླེབས་པའི་འཐབ་རྩོད་པ་ཞིག་གི་བྱེད་སྟངས་དང་མི་མཐུན་པ་སྣ་ཚོགས་ཤིག་ཀྱང་མངོན་གསལ་དུ་འགྱུར་བཞིན་ཡོད། སྤྱིར་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་དང་སྐྱོན་བརྗོད་སྣ་ཚོགས་ཡོང་ཆོག་པ་དང་ཡོང་དགོས་པ་འདི་ཉིད་གལ་ཆེན་པོ་ཡིན་ཡང། འཐབ་རྩོད་བྱེད་མཁན་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་བྱེད་སྟངས་ཚང་མ་དགོས་པའི་ངེས་པའང་གཏན་ནས་མེད། གནད་དོན་ཁ་ཤས་ཀྱི་ཐོག་ནས་སྟག་མཆོང་སར་ཝ་མཆོང་མི་ཐུབ་པའི་གནས་བབས་དེ་ཡང་ཡིད་ལ་ངེས་དགོས་པ་ཞིག་ཏུ་གྱུར་ཡོད།
བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་འཕྲོགས་བྱེད་མཁན་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་རྒྱུའི་ཚབ་ཏུ་ནང་ཁུལ་ཁ་རྡུང་གཏོང་རེས་བྱེད་པ་དང། སེམས་གཏིང་ནས་ཀྱང་འཁོན་འཛིན་ཆེན་པོ་ཡོད་པའི་བཟོ་ལྟ་དེ་མཐོང་ཡོང་དུས་བོད་ལ་རེ་བ་གང་ཡང་མེད་པ་ལྟ་བུའི་ཚོར་སྣང་སྐྱེས་མཁན་ཡང་མང་པོ་ཞིག་ཡོད་ཅིང། ལྷག་པར་དུ་འོས་བསྡུ་ཆེན་མོའི་སྐབས་སུ་མིང་ཡོད་མེད་ཀྱི་སྐྱོན་བརྗོད་ཡིག་འཁྱམས་ཁག་བོད་ཕྱི་ནང་གཉིས་སུ་བཀྲམ་ཡོང་དུས་གཞིས་བཞུགས་བོད་པའི་ནང་ནས། ཁག་ཅིག་གིས་བཙན་བྱོལ་སྤྱི་ཚོགས་ལ་རེ་ལྟོས་བྱེད་ཡུལ་ཞིག་མེད་པའི་བསམ་ཚུལ་ཡིག་ཐོག་ནས་སྟོན་མཁན་ཡང་མང་པོ་མཐོང་རྒྱུ་འདུག དེའི་རྒྱུ་མཚན་ནི་མང་གཙོའི་སྤྱི་ཚོགས་ནང་དུ་འོས་བསྡུའི་སྐབས་སུ་བྱེད་བཞིན་པའི་ཞན་ཆ་དེ་དག་ལ་རྒྱུས་མངའ་མེད་པས་ཡིན་སྲིད་ལ། ཕྱོགས་གཅིག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རེ་བ་ཆེ་ཐག་ཆོད་ནས་ཀྱང་ཡིན་སྲིད་པ་རེད། གང་ལྟར་བོད་ནང་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཅིག་སྒྲིལ་མེད་པའི་ལྟ་ཚུལ་ཡོད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག
གནད་དོན་དེ་དང་མཐོང་ཚུལ་དེ་ཉིད་ལ་བརྟེན་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་པ་དང། སྡུག་ས་ནས་བཤད་ན་བོད་ནང་ནས་རེ་བ་གཏན་ནས་མེད་པའི་ལྟ་ཚུལ་སླེབས་མཁན་ཡང་ཡོང་མི་སྲིད་པ་མ་རེད། ད་ལྟའི་དུས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་ཡོད་སྟབས་གཞིས་བྱེས་གཉིས་ཀྱི་གཅིག་སྒྲིལ་གྱི་གཞི་རྩ་བརྟན་པོ་ཡོད་པས་སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད་ཀྱང། དུས་ཐུང་ནང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་མ་ཐུབ་ན། མ་འོངས་པར་བཙན་བྱོལ་བོད་པའི་གཅིག་སྒྲིལ་གྱི་གཞི་རྟེན་གཙོ་བོ་དེ་གང་ལ་ཐུག་ཡོད་མེད་ད་ལྟ་ནས་གསལ་པོ་ངོས་འཛིན་ཐུབ་དགོས་པ་དང། དེ་ལ་གཅེས་སྤྲས་དང་སློབ་སྦྱོང། དོ་སྣང་དང་ཆེ་མཐོང་བཅས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ནས་སྤྲོད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ཁ་ཤས་ཀྱིས་ཆོས་དང་རིག་གནས་ལ་བརྟེན་ནས་གཅིག་སྒྲིལ་ཡོང་ཐུབ་ཚུལ་ཤོད་མཁན་ཡོད་ལ། ད་ལྟའི་སྒྲིག་འཛུགས་འདི་ལ་བརྟེན་ནས་གཅིག་སྒྲིལ་བྱེད་ཐུབ་པར་ཡིད་ཆེས་བྱེད་མཁན་ཡང་མང་པོ་ཡོད།
མ་འོངས་པར་སྟབས་ཉེས་ན་ཆོས་བརྒྱུད་ཁག་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཉིད་གཅིག་སྒྲིལ་མི་ཡོང་བའི་གཞི་རྩ་རུ་འགྱུར་སྲིད་ལ། རིག་གནས་ཁོ་ན་ལ་བརྟེན་ནས་གཅིག་སྒྲིལ་ཐུབ་པ་ཞིག་ཀྱང་མིན་པར། སྒྲིག་འཛུགས་ཤིག་ཡོད་པ་ཙམ་གྱིས་གཅིག་སྒྲིལ་ཡོང་ཐུབ་པ་ཞིག་དེ་བས་ཀྱང་མིན། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་དེ་ཉིད་རྡོག་རྩ་གཅིག་སྒྲིལ་ཐུབ་པའི་ཐབས་ལམ་ཉག་གཅིག་ཡོད་པ་དེ། ༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་ལམ་སྲོལ་འདི་ཉིད་ཁོ་ན་ཡིན། འོས་འགྲན་གྱི་སྐབས་སུ་རང་ཉིད་ཀྱི་འདོད་མོས་གང་ཡོད་པ་དེར་རྒྱབ་སྐྱོར་བྱེད་རྒྱུ་དང། དེའི་འགྲན་རྩོད་བྱེད་ཡུལ་ལ་རྒྱབ་སྐྱོར་ཉུང་དུ་འགྲོ་ཐབས་བྱེད་མི་སྲིད་པ་མིན་ཡང། མང་གཙོའི་ལམ་སྲོལ་བརྒྱུད་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་ལ་གུས་བཀུར་བྱེད་དགོས་པ་མང་གཙོའི་སྤྱི་སྲོལ་ཡིན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་མོས་ཀྱི་ཐོག་ནས་ཁེ་ཕམ་གང་བྱུང་ཡང་དང་ལེན་ཐུབ་པའི་མང་གཙོའི་གོམས་གཤིས་ཤིག་ཡོད་པའི་ཐོག བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་སེམས་ཚོར་གསོན་པོ་ཡོད་པ་ཞིག་བྱུང་ན་དུས་ནམ་ཡང་གཅིག་སྒྲིལ་བྱེད་ཐུབ་ངེས་རེད།།