གནད་དོན་ཁ་གསལ་བཟོ་རན་འདུག
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༣ ཕྱི་ལོ་ ༢༠༡༦/༥/༤
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུ་ཆེན་མོ་འགོ་ཚུགས་པ་ནས་བཟུང་རྩོད་རྙོག་མང་པོ་ཞིག་བྱུང་བ་དང། སྤྱིར་རྩོད་རྙོག་དེ་དག་ནི་མང་གཙོའི་སྤྱི་ཚོགས་ནང་འོས་བསྡུ་ཆེན་མོའི་སྐབས་སུ་ཡོང་མི་སྲིད་པ་ཞིག་གཏན་ནས་མིན། འོན་ཀྱང་རང་བཙན་མེད་པར་སྐྱབས་བཅོལ་པ་ཞིག་གི་འོས་བསྡུའི་གནས་བབས་ལ་བསམ་ན་རྩོད་རྙོག་འདི་དག་ཀྱང་རན་འཚམ་ཞིག་ཏུ་གྱུར་ཡོད་མེད་ནི་སེམས་ཁྲལ་བྱེད་དགོས་པ་ཞིག་རེད། གང་ལྟར་འོས་བསྡུ་ཆེན་མོ་གྲུབ་ཟིན་པའི་རྗེས་སུ་རྩོད་རྙོག་དེ་དག་རང་བཞིན་གྱིས་སེལ་དགོས་པ་ཞིག་ཡིན་ཡང། བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་དང་འབྲེལ་བའི་རྩོད་རྙོག་དེ་དག་ད་དུང་མུ་མཐུད་དུ་འགྲོ་བཞིན་ཡོད་པ་ལྟ་བུ་དང། ཕྱོགས་གཅིག་ནས་ད་དུང་ཤུགས་ཆེ་རུ་འགྲོ་བཞིན་པ་ལྟ་བུའི་སྣང་ཚུལ་ཞིག་ཀྱང་མངོན་གསལ་དུ་གྱུར་ཡོད། གནད་དོན་འདི་དག་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མ་འོངས་པའི་བརྟན་གནས་དང་འབྲེལ་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་ཀྱི་གནས་བབས་དང་འབྲེལ་བ་ཡོད་པ་རེད།
ལོ་འདིའི་འོས་བསྡུ་ཆེན་མོ་སོགས་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོངས་འཁྲུག་ཡོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་ཀྱི་གང་སར་ཐོས་རྒྱུ་འདུག་པ་དང། དེ་ཡང་རྒྱུ་མཚན་གང་ལ་བརྟེན་ནས་ཡིན་མིན་ཡང་གསལ་པོ་ཤེས་མཁན་ཞིག་ཕལ་ཆེར་མེད་ཚོད་རེད། ཕྱི་ཟླ་༤ པའི་ཚེས་༢༥ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གཙོས་པའི་བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་ཡིན་བཞིན་པ་གཉིས་བཅས་༧གོང་ས་༧མཆོག་གི་མཇལ་ཁར་མཇལ་སྐབས་གསུངས་པ་རེད་ཅེས། ཁུངས་ལྡན་ཡིན་དང་འདོད་ཕྱོགས་ཙམ་ཡིན་བཤད་ཚོད་ཐིག་དཀའ་ནའང་སྐད་ཆ་མང་པོ་ཞིག་གོ་རྒྱུ་འདུག སྤྱིར་སྤྱི་ཚོགས་ནང་རྩོད་རྙོག་ཅིག་བྱུང་བའི་སྐབས་སུ་དེ་ལ་ལྟ་སྟངས་མི་འདྲ་བ་ཡོད་པ་དང། རང་རང་གི་འདོད་ཕྱོགས་དང་ལྟ་ཚུལ་གྱི་ཐོག་ནས་མཐོང་ཚུལ་ཡང་མི་འདྲ་བ་མང་པོ་ཡོད་པ་ནི་སྨྲོས་མི་དགོས་པ་རེད། གནད་དོན་འདི་དག་གི་ཐོག་ནས་སུ་བདེན་དང་སུ་མི་བདེན་ཚང་མས་ཁས་ལེན་ཐུབ་པ་ཞིག་ཡོང་དཀའ་བ་ནི་ཆོས་ཉིད་རེད།
ད་ལྟའི་ཆར་བོད་པའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས། གཙོ་ཆེ་ཤོས་བོད་པའི་རྩ་དོན་ལ་སེམས་ཁུར་ཡོད་མཁན་མང་པོ་ཞིག་མགོ་འཐོམས་པ་དང་སེམས་ཤུགས་ཆག་བཞིན་པའི་སྐབས་འདིར། བོད་གཞིས་བྱེས་གཉིས་ཀྱི་མགོན་དཔུང་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དོན་དངོས་ལྷ་དགོངས་འཁྲུག་ཡོད་མེད་དང། གལ་སྲིད་དངོས་གནས་ལྷ་དགོངས་འཁྲུག་ཡོད་ན། དེ་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཡིན་དང། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱིས་ཡིན། ཡང་ན་སྤྱི་ཚོགས་ནང་གི་གནས་ཚུལ་གཞན་ཞིག་ལ་བརྟེན་ནས་ཡིན་གསལ་པོ་གསལ་རྐྱང་ཞིག་ཆགས་སོང་ན་སྐབས་དེ་དུས་འབྲེལ་ཡོད་སུ་ཡིན་ནའང་ལས་དོན་བྱེད་བདེ་བ་དང། སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཁྲུག་བཞིན་པའི་ཚོར་བ་འདི་ཡང་ལྷིང་འཇགས་སུ་འགྲོ་ཐུབ་ངེས་རེད།
སྤྱི་ཚོགས་འཁྲུག་རྐྱེན་ཆེན་པོ་བྱུང་སྐབས་གནད་དོན་དེའི་འབྱུང་རྐྱེན་ཕྱི་གསལ་ནང་གསལ་ཞིག་བཟོས་ན། གང་ཟག་སྒེར་རེ་ཟུང་ལ་གནོད་སྐྱོན་འགྲོ་སྲིད་ནའང་སྤྱི་ཚོགས་སྤྱི་དང། སྒྲིག་འཛུགས་བརྟན་གནས་ལ་ཕན་ཐོགས་ཡོད་པས་གང་ཟག་སྒེར་རེ་ཟུང་སྲུང་སྐྱོབ་བྱེད་པ་ལས་སྤྱི་པ་དང་སྒྲིག་འཛུགས་འདི་ཉིད་རྒྱུན་གནས་ཐུབ་པ་ཡོང་ཐབས་དེ་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་དགོས། ད་ལྟ་བོད་པའི་སྤྱི་ཚོགས་ནང་གི་ཆབ་སྲིད་པ་དག་སྨྲོས་མི་དགོས་པ་དང། སྲི་ཞུའི་ལས་བྱེད་པ་དང། སློབ་གྲྭའི་དགེ་རྒན་དག་ཀྱང་ཕྱོགས་ཞེན་ནམ་འཐེན་འཁྱེར་ནང་རིམ་གྱིས་ཞུགས་ཡོང་གི་འདུག གནད་ཡོད་མི་སྣར་འབོད་པ་དག་གིས་ཀྱང་རྒྱ་གཞུང་གིས་བེད་སྤྱོད་ག་རེ་བྱེད་མིན་དང། སྤྱི་ཚོགས་ལ་ཤུགས་རྐྱེན་ག་འདྲ་ཐེབས་མིན་ལ་བསམ་བློ་མི་གཏོང་བར་ལས་དོན་ཁག་ཅིག་བྱེད་རྐྱང་བྱས་སོང་བས། འདི་ལྟར་མུ་མཐུད་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་དང། བོད་མིའི་སྒྲིག་འཛུགས་འདི་ལ་རེ་བ་དང་ཡིད་ཆེས་བྱེད་ཡུལ་གཏན་ནས་མེད་པར་འགྱུར་ངེས་རེད།
མདོར་ན་གལ་ཆེ་ཤོས་བོད་པའི་འཐབ་རྩོད་ཡིན་པ་དང། འཐབ་རྩོད་ཀྱི་གནད་དོན་དང་འབྲེལ་ནས་བཤད་ན་གལ་ཆེ་ཤོས་གཅིག་སྒྲིལ་ཡིན། ད་ལྟ་འགྲོ་བཞིན་པའི་གླེང་ཕྱོགས་འདི་དག་སུའི་ནོར་ཡོད་དང། མི་འགྲིག་མཁན་གཙོ་བོ་སུ་ཡིན་མིན་ཐེར་འདོན་གྱིས་གསལ་པོ་གསལ་རྐྱང་ཞིག་མ་བཟོས་ན། དངོས་སུ་འགན་ཁུར་མཁན་དག་གིས་ལས་ཀ་བྱེད་མི་ཐུབ་པ་དང། ལས་དོན་སྒྲུབ་སའི་ཁོར་ཡུག་མེད་པ་ཆགས་སོང་ན་སྐབས་དེ་དུས་གང་ཟག་སྒེར་རེ་ཟུང་ལ་གྱོང་གུད་ཆེན་པོ་ཞིག་གང་ཡང་མིན་ནའང། བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ཀྱི་འཐབ་རྩོད་ལ་གནོད་སྐྱོན་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད། ད་ཆ་འོས་བསྡུ་ཡོངས་སུ་གྲུབ་ནས་མི་མང་གི་ལངས་ཕྱོགས་གསལ་པོ་བཟོས་ཟིན་པ་དང། ད་དུང་འཁྲུག་བསྡད་པ་དེ་མཐོ་རིམ་དཔོན་རིགས་ཀྱི་ནང་ནས་འགོ་བཙུགས་ཡོད། སངས་མི་ཐུབ་པའི་ནོར་འཁྲུལ་ཆེན་པོ་ཞིག་སུས་ཤོར་ཡོད་མེད་དང། ནོར་འཁྲུལ་གང་ཞིག་བྱུང་ཡོད་མེད་ཐད་མི་མང་པོ་ཞིག་འགོ་འཐོམས་ཡོད་པས་ད་ལྟ་ཁ་གསལ་པོ་ཞིག་བཟོ་རན་འདུག།།