གནམ་གཤིས་གྲང་ངར་ཁྲོད་མི་མང་པོའི་ཚེ་སྲོག་ཤོར་འདུག
ཟླ་འདིའི་ཚེས་༢༤ ཉིན་ཤར་ཨེ་ཤི་ཡའི་ཁུལ་གྱི་རྒྱལ་ཁབ་མང་པོའི་གནམ་གཤིས་གྲང་མོ་དང་ཁ་བ་ཤུགས་ཆེན་བབས་ཏེ། མི་༥༠ ཡི་ཚེ་སྲོག་ཤོར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་༡༠༠༠ ལྷག་འགྲུལ་བསྐྱོད་མི་ཐུབ་པར་འགག་ཡོད་འདུག
ཐའེ་ཝན་ལ་གནམ་གཤིས་ཀྱི་ཚ་ཚད་གློ་བུར་དུ་ཆགས་ཏེ། མི་མང་པོ་ཞིག་གཟུགས་པོའི་ཚ་དྲོད་མར་ཆགས་པ་དང་སྙིང་དང་འབྲེལ་བའི་ན་ཚའི་འོག་རྐྱེན་ལམ་དུ་ཕྱིན་འདུག འདས་པོའི་ཁྲོད་མང་ཆེ་བ་ནི་ལུང་པའི་ནུབ་ཕྱོགས་ཁུལ་དུ་སྡོད་མཁན་ལོ་ན་མཐོ་བ་ཚོ་ཡིན་པ་དང། ཁུལ་དེར་ནམ་རྒྱུན་དང་མི་འདྲ་བར་གནམ་གཤིས་ཚ་ཚད་སེལ་ཤི་སི་༤ ལ་མར་ཆགས་ཡོད་པས། གཞུང་གིས་རྒན་རྒོན་རྣམས་གཟུགས་པོ་དྲོད་པོ་ཉར་དགོས་པ་དང་ཕྱི་ལོགས་སུ་འགྲོ་མི་རུང་བའི་ཉེན་བརྡ་བཏང་འདུག
དེ་བཞིན་ལྷོ་ཀོ་རི་ཡའི་ཇི་ཇུ་གླིང་ཕྲན་ལ་གནམ་གཤིས་ཀྱི་ཚ་ཚད་སེལ་ཤི་སི་-༦ལ་མར་ཆགས་པ་དང། ཁ་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས། རྒྱལ་སྤྱི་དང་རྒྱལ་ནང་གི་གནམ་གྲུ་༥༠༠ ཙམ་གྱི་འགྲུལ་བཞུད་ཕྱིར་འགྱངས་བྱས་ནས། ཡུལ་སྐོར་སྤྲོ་འཆམ་བ་༡༠༠༠ ལྷག་ཁུལ་དེར་འགག་ཡོད་འདུག
ཉི་ཧོང་དུ་ཡང་གངས་འཚུབ་ཤུགས་ཆེན་བརྒྱབ་པས། རྒྱལ་ཁབ་ནང་གནམ་གྲུ་༦༠༠ ལས་མང་བའི་འགྲུལ་བཞུད་ཕྱིར་འགྱངས་བྱས་ཡོད་འདུག གངས་འཚུབ་ཀྱི་རྐྱེན་པས་མི་༥ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་༡༠༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག
དེ་བཞིན་ཨ་རིར་ཁ་བ་ཤུགས་ཆེན་དང་བུ་ཡུག་ཀྱང་བརྒྱབ་སྟེ། བདུན་ཕྲག་གི་མཐའ་མཇུག་ལ་གནམ་གྲུ་༡༢,༠༠༠ ལ་ཉེ་བའི་འགྲུལ་བཞུད་ཕྱིར་འགྱངས་བྱས་ཡོད་པ་དང། མི་༢༩ སྣུམ་འཁོར་བརྡུང་ཁ་བརྒྱབ་པ་དང། སྙིང་ཁྲག་དགག་པ་སོགས་ཀྱི་རྐྱེན་ཀྱིས་ཚེ་སྲོག་ཤོར་འདུག
འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་འགྲོ་བཞིན་པས། དབྱར་ཁ་ལ་གནམ་གཤིས་ཤིན་ཏུ་ཚ་པོ་དང་དགུན་ཁ་ལ་གནམ་གཤིས་ཤིན་ཏུ་གྲང་མོ་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།