གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་འགྲན་བསྡུར་དབུ་འཛུགས་གནང་འདུག
ཟླ་འདིའི་ཚེས་༡ ཉིན་ལ་དྭགས་དབུས་གཞུང་ས་གནས་འཛིན་སྐྱོང་དང་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ལ་དྭགས་སུ་གནམ་གཤིས་ཕོར་(Climate cup) ་པ་ཞེས་པའི་རྐང་སྤོལ་འགྲན་བསྡུར་ཞིག་དབུ་འཛུགས་གནང་འདུག

ཐེངས་འདིའི་རྩེད་འགྲན་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དང་ལྡི་ལི་རྐང་སྤོལ་རུ་ཁག ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་རྐང་སྤོལ་རུ་ཁག་དང་ལ་དྭགས་ས་གནས་རྐང་སྤོལ་རུ་ཁག་བཅས་རྐང་སྤོལ་རུ་ཁག་བཞི་མཉམ་ཞུགས་གནང་ཡོད་འདུག
ལ་དྭགས་ནི་བོད་དང་འདྲ་བ་ས་བབ་ཧ་ཅང་མཐོ་བོ་ཡིན་པས་རྒྱ་གར་ནང་ས་བབ་མཐོ་བོ་དེ་འདྲ་ལ་རྩེད་འགྲན་གོ་སྒྲིག་བྱས་པ་ཐོག་མ་ཆགས་ཡོད་འདུག་ལ། ཐེངས་འདིའི་རྩེད་འགྲན་ནང་མཉམ་ཞུགས་བྱེད་མཁན་རྩེད་མོའི་རུ་ཁག་དག་ཀྱང་རྒྱ་གར་ནང་ཧ་ཅང་སྐད་གྲགས་ཡོད་འདུག
ཐེངས་འདིའི་རྩེད་མོ་གོ་སྒྲིག་བྱེད་དགོས་དོན་གཙོ་བོ་ནི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་ཐོག་ལ་གོ་རྟོགས་སྤེལ་བའི་ཆེད་དུ་ཡིན་འདུག གཞན་ཡང་བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རུ་དཔོན་པདྨ་ལྷུན་གྲུབ་ལགས་ཀྱིས། ད་རེས་རྐང་སྤོལ་རྩེད་འགྲན་འདི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་ཡིན་དུས། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ནང་ལ་ཡང་འཁྱགས་རོམ་ཞུ་བ་སོགས་གནམ་གཤིས་འགྱུར་ལྡོག་དཀའ་ངལ་ཡོད་པ་གོ་རྟོགས་སྤེལ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་འདུག
འཛམ་གླིང་གང་སར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཕོན་ཆེན་འཕྲད་བཞིན་པ་ལྟར། ཕྱི་ལོ་༢༠༢༡ ལོར་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་གི་ཚད་རིམ་ཧ་ཅང་མཐོན་པོར་སླེབས་ཡོད་པས་བོད་ཀྱི་འཁྱག་རོམ་བཞུས་ནས་ཆུ་ལོག་གི་གནོད་འཚེ་མང་པོ་འབྱུང་བ་དང་། མཚོ་དང་མཚེའུ་རྒྱས་པ། རྩ་ཐང་གི་གཏན་ཆགས་འཁྱག་རོམ་བཞུ་བ་སོགས་བྱུང་ནས་རང་བྱུང་སྐྱེ་དངོས་ལ་གནོད་འཚེ་ཐེབས་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག་པ་མ་ཟད། ལོ་འདིའི་ཕྱི་ཟླ་༧ པའི་ནང་(Greenpeace East Asia) ་ཞེས་པའི་འཛམ་གླིང་ཁོར་ཡུག་དང་འབྲེལ་བའི་ཉམས་ཞིབ་ལྟེ་གནས་ཁང་གིས་རྒྱ་ནག་རྒྱལ་ཡོངས་ནང་གི་རིག་གཞུང་ལྟེ་གནས་ཁག་ལ་ལྟ་ཞིབ་ཁྲོད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་འོག་རྒྱ་ནག་གི་ཀན་སུའི་ཞིང་ཆེན་ནང་ཡོད་པའི་ཏུན་ཧོང་དང་ཀྲང་ཡེ་རིག་གཞུང་ལྟེ་གནས་ཁུལ་དུ་ཆར་ཞོད་དང་བཞའ་ཚན་ཆེ་བའི་རྐྱེན་གྱིས་ལྟེ་གནས་དེ་དག་གི་ལྡེབས་རིས་དང་སྐུ་འདྲ་སོགས་ནང་པའི་རིག་གནས་ཉམས་ཉེས་སུ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།