གནོན་ཤུགས་དང་ཁྲིམས་བཟོ།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༥ ཆེད་བརྗོད།)
འདས་པའི་ལོ་ཤས་ནང་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་ལས་དོན་ཁག་ཅིག་བཅའ་ཁྲིམས་གཞིར་བཟུང་མུ་མཐུད་མི་ཐུབ་པ་ཆགས། གྲོས་ཚོགས་ཚོགས་དུས་བདུན་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དགོས་ངེས་ཀྱི་བསྐྱར་བཅོས་ཁག་ཅིག་བྱས་ནས་ད་ཆ་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་གསར་འདེམས་དམ་འབུལ་ཐུབ་པའི་ལམ་ཁ་ཡོད་ཀྱང་། བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་༢ པའི་“ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན།”ཞེས་པའི་དགོངས་དོན་བཞིན་ཁྲིམས་ཞིབ་པའི་འོས་མི་རག་མ་ཐུབ་པའི་གནས་ཚུལ་བྱུང་ཡོད། ལོ་འདིའི་ཕྱི་ཟླ་༣ པའི་རྗེས་སུ་སྲིད་སྐྱོང་དང་ཚོགས་གཙོ་ཚོགས་གཞོན་གྱིས་འདེམས་སྒྲུག་ཚོགས་ཆུང་བསྐོ་འཛུགས་མ་བྱས་པ་ལས། འོས་ཆོས་ཚང་བ་ཞིག་རག་ཐུབ་ཡོད་མེད་ད་དུང་ར་སྤྲོད་གསལ་པོ་བྱུང་མེད།
ཁྲིམས་ཞིབ་པར་ཉུང་མཐར་ལོ་ལྔའི་རིང་ཁྲིམས་དཔོན་གྱི་ལས་འཁུར་བྱེད་མྱོང་བ་དང་། ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་ལས་འཁུར་བྱེད་མྱོང་བ་བཅས་ཀྱི་ཆ་རྐྱེན་འདི་ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མ་གཏན་འབེབས་བྱེད་སྐབས་ནས་ཡོད་ཀྱང་། དུས་ཡུན་ངེས་ཅན་རིང་ཆ་རྐྱེན་འདི་དང་བསྟུན་མི་དགོས་པའི་ལམ་ཁ་ཞིག་ཡོད་པ་དེ། ད་ལྟའི་ཆར་དུས་བཀག་རྫོགས་ནས་གོང་གསལ་ཆ་རྐྱེན་གང་ཡོད་པ་དེ་དག་ངེས་པར་ཚང་དགོས་པ་ཞིག་ཏུ་གྱུར་ཡོད། མི་ལོ་༦༥ ཙམ་བཙན་བྱོལ་དུ་གནས་པའི་རིང་ཆ་རྐྱེན་འདི་ལྟ་བུ་ཚང་མཁན་གྱི་བོད་མི་ཞིག་ཡོད་དགོས་ངེས་རེད། གལ་སྲིད་མེད་པའི་དབང་དུ་བཏང་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་སམ། བཙན་བྱོལ་བོད་གཞུང་གི་སློབ་གསོའི་ལས་དོན་ཐོག་དགོས་ངེས་ཀྱི་གྲུབ་འབྲས་ཤིག་མ་ཐོབ་པ་རེད་ཅེས་བརྗོད་ཆོག བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཐོག་ནས་བཤད་ན་ཁྲིམས་ཐོག་ནས་རྩོད་ལེན་དགོས་པ་དེ་གལ་ཆེན་པོ་ཡིན་པས། ཁྲིམས་ལུགས་ཆེད་མཁས་པ་གང་མང་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།
དོན་གནད་འདིར་ཕྱི་ཟླ་གསུམ་པར་ཁྲིམས་སྒྲིག་བསྐྱར་ཞིབ་ཟིན་བྲིས་ཚོགས་ཆུང་གི་བསྐྱར་བཅོས་འཆར་ཟིན་ལ། བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་བཏོན་ནས་གཏན་འབེབས་མི་ཐུབ་པ་བཟོས་ཡོད། སྐབས་དེར་བསྐྱར་བཅོས་བྱས་ཡོད་ན་ད་ལྟའི་གྲོས་ཚོགས་འདིར་ཁྲིམས་ཞིབ་པ་བསྐོ་གཞག་བྱ་རྒྱུར་འགལ་རྐྱེན་གང་ཡང་མེད། ཕྱི་ཟླ་གསུམ་པ་ནས་ད་བར་སྲིད་སྐྱོང་དང་། ཚོགས་གཙོ་ཚོགས་གཞོན་གྱིས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། ཁྲིམས་ཞིབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་བསྐོ་འཛུགས་གནང་ཐབས་ཙམ་ཡང་མ་གནང་བར། འོས་ཆོས་ཚང་མཁན་མེད་པར་ངོས་འཛིན་བྱས་པ་དེ་ཁོང་རྣམ་པའི་བསམ་ཚུལ་ཙམ་ལས་འོས་མི་མ་རག་པའི་དཔང་རྟགས་གང་ཡང་མ་རེད། ད་ལན་ཡང་བཀའ་ཤག་གིས་འདི་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཤིག་ཡོད་ཚུལ་འདུག་ཀྱང་། འཇིགས་སྐུལ་དང་གནོན་ཤུགས་འོག་ནས་ཁྲིམས་སྒྲིག་བསྐྱར་བཅོས་བྱེད་དགོས་བྱུང་ན་མ་འོངས་པར་ཁྲིམས་བཟོའི་ལས་དོན་ལ་ཆ་འཇོག་གང་ཡང་མེད་པ་ཞིག་ཏུ་གྱུར་པ་རེད།
དོན་དངོས་སུ་བཀའ་ཤག་གིས་དགོངས་པ་ག་རེ་བཞེས་མིན་ཐེ་ཚོམ་ཟ་དགོས་པ་ཞིག་རེད། ཕྱི་ཟླ་༣ པའི་ནང་བསྐྱར་བཅོས་དེ་འགྲོ་རྒྱུའི་རེ་བ་ཆ་ཚང་ཡོད་ཀྱང་། བཟོ་བཅོས་ཁྲིམས་འཆར་བཏོན་ནས་འགག་བཅུག ད་ལྟའི་ཆར་གཞི་རིམ་མི་མང་གི་མིང་ཐོག་ནས་ལས་འགུལ་དང་སྐད་འབོད་སྣ་ཚོགས་བྱེད་བཞིན་པའི་སྐབས་འདིར། གྲོས་ཚོགས་སུ་བསྐྱར་བཅོས་ཁྲིམས་འཆར་ཞིག་ཁུར་ཡོང་བ་འདི་གནས་སྟངས་གང་ཐད་ནས་གཏན་འབེབས་མི་ཐུབ་པ་ཤེས་ཀྱང་། གཞི་རིམ་མི་མང་ཞེས་པའི་དགོས་འདུན་ལ་བསྟུན་པའི་རྣམ་འགྱུར་ཙམ་ཞིག་མིན་ནམ་སྙམ། དེ་མ་ཡིན་པར་རྒྱུ་མཚན་དང་གནས་ལུགས་ཚད་ལྡན་ཞིག་ཡོད་ན་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་བསྐྱར་བཅོས་དེ། ད་ལན་བཀའ་ཤག་གིས་རང་འཇགས་ག་རེ་བྱས་ནས་ཁུར་ཡོང་བ་རེད། སྐབས་དེ་དུས་བཟོ་བཅོས་མ་བྱས་ན་མི་འགྲིག་པ་ཞིག་ད་ཆ་འགྲིག་པ་ག་རེ་བྱས་ནས་ཆགས་པ་རེད། དེར་བརྟེན་དང་པོ་འགོག་དགོས་དོན་དང་། ད་ལྟ་འཁུར་དགོས་དོན་སོགས་མི་མང་ལ་འཁྲབ་སྟོན་ཙམ་ཞིག་ཏུ་སྣང་།
མདོར་ན་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་སོན་པ་དང་། སྐུ་གཟུགས་ཀྱི་གནས་སྟངས་ཀྱང་ཡག་པོ་དེ་ཙམ་མེད་པས། ནང་ཁུལ་གྱི་རྩོད་རྙོག་དང་། ནང་ཁུལ་གྱི་འགལ་ཟླ་ཆུང་ཙག་ཙམ་ལ་བརྟེན་“རྫ་མ་ཁུར་ནས་རྡོ་ཁ་བཀྱེ་”ཞེས་པ་ལྟར་མུ་མཐུད་བྱས་བསྡད་ན། དོན་དུ་སྤྱི་པའི་རྩ་དོན་ལ་གནོད་སྐྱོན་འབའ་ཞིག་ལས་ཕན་ཐོགས་གང་ཡང་མེད་པས། སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ་དང་། ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་སྤྱི་འཐུས་རྣམ་པས་མི་མང་ནང་ཚོར་བ་སླེབས་ཐབས་དང་། མི་མང་གི་སེམས་ཚོར་ཆེ་བའི་གོ་སྐབས་དང་བསྟུན་ནས་མི་སྒེར་གྱི་ཆེད་ཁེ་ཕན་ལེན་ཐབས་བྱེད་པ། གནད་དོན་ཁ་ཤས་ཐོག་མི་མང་མདུན་ལ་མངགས་ཏེ་ཁ་ཤས་ཀྱིས་ཁ་དང་ཁ་ཤས་ཀྱིས་ཁོག་བྱས་ནས་འཁྲབ་སྟོན་བྱས་ཡོང་བའི་སྐབས་སུ། མི་གླེན་པ་དང་ཤེས་ཡོན་ཉམས་མྱོང་རྒྱ་ཆེན་པོ་མེད་པ་དག་མགོ་སྐོར་འོག་ཏུ་ཚུད་དེ་སྤྱི་ཚོགས་ནང་ཐལ་ཆ་ཆེ་བའི་ལས་ཀ་བྱས་ན། བོད་དོན་འཐབ་རྩོད་ལ་གནོད་པ་མ་ཟད། དགྲ་བོ་རྒྱ་དམར་གཞུང་གི་སྔོན་ནས་ཀྱང་ངོ་ཚ་དགོས་པ་ཞིག་ཏུ་འགྱུར་ངེས་རེད།།