གཞས་པ་བཀྲས་ཆུང་གིས་འཁོར་ཐག་གསར་པ་འགྲེམས་སྤེལ་བྱས་འདུག

 བཙན་བྱོལ་དུ་འཚར་ལོངས་བྱུང་མཁན་བོད་མིའི་གཞས་པ་རྒན་གྲས་དང་སྲོལ་རྒྱུན་གྱི་བོད་མིའི་གཞས་སྣ་ཉར་ཚགས་སྲུང་སྐྱོབ་ལས་དོན་སྤེལ་མཁན་གཞས་པ་ཇོ་ལགས་བཀྲས་ཆུང་གིས། གླུ་གཞས་༡༣ ཡོད་པའི་དྲ་ཐོག་འཁོར་ཐག་རས་པ་-གཞས་དང་ཞབས་བྲོ་ཞེས་པ་འགྲེམས་སྤེལ་བྱས་འདུག 

དེ་ཡང་ཟླ་༡ པོའི་ཚེས་༢༠ ཉིན་བཀྲས་ཆུང་གིས་ངོ་དེབ་ཐོག་ཏུ། རས་པ། གཞས་དང་ཞབས་བྲོ་འཁོར་ཐག་འདིའི་ནང་གི་བོད་གཞས་རྣམས་ཕྱི་ལོ་༡༩༩༩ ལོར་སྒྲ་འཇུག་ཞུས་པ་ཡིན། ཡིན་ནའང་སྐབས་དེར་སྒྲ་འཇུག་ཞུས་པའི་འཁོར་ཐག་དེའི་སྒྲ་གཙང་མ་མེད་པ་དང་། གཞས་བཏང་བ་རྣམས་ཀྱང་དེ་ཙམ་འདོད་བློ་ཚིམ་པ་མ་བྱུང་བས། དུས་ཐོག་འགྲེམ་སྤེལ་ཞུ་རྒྱུར་ཐེ་ཚོམ་སྐྱེས་ཏེ་ད་ལྟའི་བར་ཅམ་འཇོག་བྱ་དགོས་བྱུང་ཞེས་བཀོད་ནས་འཁོར་ཐག་དེ་དྲ་ཐོག་ནས་ཉོ་རྒྱུ་དང་ཉན་རྒྱུ་ཡོད་པའི་དྲ་ཐག་མཉམ་དུ་སྤེལ་འདུག 

དེ་ཡང་ཁོང་གིས་འཁོར་ཐག་ཉོ་ཡུལ་གྱི་དྲ་ཐོག་ཏུ་བརྗོད་དོན་ལ། ཕྱི་ལོ་༡༩༩༩ ལོར་རང་ཉིད་ཨ་རིའི་ཀེ་ལེ་ཧྥོ་ནེ་ཡའི་ནང་ཡོད་ལ། སྒྲ་འཇུག་ལས་འཆར་དེ་ཐོག་མར་རང་ཁྱིམ་དུ་དར་བའི་སྐབས་ཡིན། (དེ་སྔོན་སྒྲ་འཇུག་ཁང་དམིགས་བསལ་ཅན་དུ་འཇུག་པ་ལས་རང་ཁྱིམ་དུ་འཇུག་རྒྱུའི་ལམ་སྲོལ་མེད།) འཁོར་ཐག་གི་སྒྲ་འཇུག་འདིའི་ནང་རིམ་པས་སྒྲ་བཞི་ཐེངས་གཅིག་ནང་འཇུག་ཐུབ་པའི་འཕྲུལ་འཁོར་ཐོག་སྦྱང་བ་དང་རོལ་ཆ་དཀྲོལ་གཏོང་སོགས་ཀྱང་ཚོད་ལྟ་བྱས། སྒྲ་སྙན་དེ་གློག་གི་སྒམ་ཆུང་(Amp) ཞེས་པ་དེའི་རྒྱུད་བཏང་བ་དང་། དེ་བཞིན་གླུ་གཞས་ཀྱི་སྒྲ་ཡང་དཔེ་གསར་ཅན་རེ་གཉིས་ཚོད་ལྟ་བྱས་ཡོད་ཅེས་དང་། འདིའི་ནང་གི་གླུ་གཞས་མང་ཤོས་སྲོལ་རྒྱུན་གླུ་གཞས་ཡིན་རུང་། རེ་གཉིས་ཤིག་ཉི་ཧོང་དང་བལ་པོའི་གདངས་ལ་བོད་ཚིག་སྦྱར་བ་སྟེ། དཔེར་ན། གཞས་དང་པོ་༼ཁྱེད་ནི་མཛེས་བཞིན་༽ཞེས་པ་འདི། དེ་སྔ་ལོ་རབས་བདུན་ཅུའི་ནང་རྒྱ་གར་ནས་བོད་ཕྲུག་ན་གཞོན་འགའ་ཉི་ཧོང་དུ་སྣུམ་འཁོར་འཕྲུལ་ལས་སྐོར་སློབ་སྦྱོང་དུ་བཏང་ནས། ཁོང་རྣམས་ཕྱིར་ལོག་སྐབས་དབྱངས་དེར་བོད་ཚིག་སྦྱར་ནས་གཏོང་གི་ཡོད་པ་རེད། དེ་དུས་རང་ཉིད་ལོ་ན་ཆུང་ཡང་གཞས་དེ་ལ་དགའ་མོས་དང་སེམས་ལ་འཇགས་པོ་བྱུང་བས། ད་རེས་འཁོར་ཐག་འདིའི་ནང་བཅུག་པ་ཡིན། དེ་ནས་གཞས་བཅུ་གཉིས་པ་༼མཛེས་ལྡན་ལྷ་མོ།༽ཞེས་པ་འདི། དེ་སྔ་ལོ་རབས་བརྒྱད་ཅུའི་རྒྱ་གར་རྡོ་རྗེ་གླིང་སློབ་གྲྭའི་ན་གཞོན་རྣམས་ནས་བལ་པོའི་གདངས་ལ་བོད་ཚིག་སྦྱར་ཏེ་སྙན་འགྱུར་དང་ལྡན་པར་གཏོང་གི་ཡོད་པ་དེ་བཞིན། རྡ་སར་དར་ཁྱབ་ཆེ་བས་འཁོར་ཐག་འདིའི་ནང་དེང་དུས་རོལ་ཆ་དང་བསྡེབས་ནས་ནང་འཇུག་ཞུས་ཡོད་ཅེས་བརྗོད་འདུག (ཁོང་གི་གཞས་དང་འབྲེལ་བའི་བཅར་འདྲི་ཞིག https://bangchen.tibetexpress.net/4868/03/04/ )

བཀྲས་ཆུང་ནི་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་གཞས་པ་ཞིག་ཡིན་ལ། རྒྱུན་ལྡན་ཁོང་ལ་མི་མང་གིས་ཇོ་ལགས་བཀྲས་ཆུང་ཞེས་འབོད་ཀྱི་ཡོད་པ་རེད། ཁོང་ནི་༢༠༡༨ ལོར་ཨ་རིའི་ཉེའུ་ཡོག་སྒྱུ་རྩལ་ཐེབས་རྩ་ཁང་ (New York Foundation for Arts,NYFA)གིས་སྲོལ་རྒྱུན་དང་དམངས་ཁྲོད་སྒྱུ་རྩལ་པའི་ཆེ་མཐོང་ཐོབ་མཁན་ཞིག་རེད། ཕྱི་ལོ་༡༩༦༩ ལོ་ནས་༡༩༨༦ ལོ་བར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཁང་དུ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་ལྷ་མོ་སོགས་སློབ་ཁྲིད་མཐར་ཕྱིན་འདུག ཁོང་ཨ་རིར་གནས་སྤོས་རྗེས་ལྕགས་ཟམ་པ་བོད་ཀྱི་ལྷ་མོ་གླུ་གར་ཚོགས་པ་གསར་འཛུགས་དང་དེའི་འགན་འཛིན་མི་ལོ་ཉི་ཤུ་ལྷག་ཞུས། ཚོགས་པ་དེས་ཨ་རི་དང་ཡོ་རོབ་སོགས་རྒྱལ་ཁག་མང་པོའི་ནང་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུས་ནས་འཕྲིན་སྦྱོར་བརྒྱུད་ལམ་ཁག་ནང་དགའ་བསུ་ཆེན་པོ་ཐོབ་ཡོད། ཁོང་མི་སྒེར་རོལ་མོ་པའི་ལམ་ནས་ཨ་རིའི་རོལ་མོ་པ་གྲགས་ཅན་ཧྥི་ལིབ་གྷི་ལ་སི་(Philip Glass) དང་ཕཱ་ཊི་སྨིསི་(Patti Smith) བཅས་དང་ལྷན་ཅིག་ནིའུ་ཡོག་ཁར་ནེ་གྷི་རོལ་དབྱངས་ཚོམས་ཆེན་དུ་(Carnegie Hall) རོལ་དབྱངས་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་དར་སྤེལ་ཞུས་ཡོད་པ་རེད། ༢༠༡༠ ལོར་ཁོང་གིས་བོད་ཀྱི་བྱིས་པ་རྣམས་ཀྱི་ཆེད་དུ་རོལ་དབྱངས་ཟེར་སྡེར་སེམས་གཞས་

(བོད་སྐད་རྒྱུད་འཛིན་དང་འབྲེལ་བའི་ཕ་བུ་གཉིས་ཀྱི་སེམས་གཞས།https://bangchen.tibetexpress.net/4806/19/12/)

ཞེས་པ་སྒྲ་འཇུག་དང་འགྲེམ་སྤེལ་ཞུས་ཡོད་ལ། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཕྱི་ནང་གཉིས་སུ་བོད་ཕྲུག་ཚོས་རོལ་དབྱངས་ཀྱི་ལམ་ནས་བོད་སྐད་སྦྱོང་བརྡར་བྱ་བའི་ཆེད་དུ་ཡིན་སྐོར་བརྗོད་ཡོད། 

དེ་བཞིན་ཁོང་གིས་ལོ་ཤས་རིང་དཀའ་ལས་བརྒྱབ་ནས་བོད་ཀྱི་སྲོལ་རྒྱུན་རོལ་མོ་ནང་མ་དང་སྟོད་གཞས་སྒྲ་འཇུག་ཞུ་ཆེད། ཞལ་འདེབས་འདུ་འགོད་ཞུས་ཏེ་ད་བར་རོལ་དབྱངས་གྲངས་བཅུ་བདུན་ལྷག་སྒྲ་འཇུག་ཞུས་ཟིན་པ་རྣམས་མང་ཚོགས་ཀྱིས་དྲ་ཐོག་ནས་རིན་མེད་ངང་གསན་ཐུབ་པ་དང་། ཞོར་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་གནས་ཀྱི་ལས་འཆར་འདི་མུ་མཐུད་དེ་གནང་བཞིན་ཡོད་པ་རེད། ཁོང་གིས་སྲོལ་རྒྱུན་རོལ་དབྱངས་གཅིག་པུ་ཙམ་མིན་པར་ཕྱི་གླིང་གི་དེང་རབས་རོལ་མོ་བ་རྣམས་དང་ལྷན་དུ་མཉམ་ལས་ཀྱང་གནང་ཡོད་ལ། ད་བར་སྲོལ་རྒྱུན་དང་དེང་རབས་རོལ་མོ་མཉམ་འབྲེལ་ཐོག་འོད་སྡེར་གྲགས་ཅན་བཅུ་ལྷག་འདོན་སྤེལ་གནང་ཡོད་པ་རེད་འདུག 

ཁོང་གི་གཞས་རྣམས་(https://techung.bandcamp.com/)དྲ་ཐོག་ཏུ་ཉོ་རྒྱུ་དང་ཉན་རྒྱུ་ཡོད་པ་དང་། དེ་བཞིན་སྲོལ་རྒྱུན་རོལ་མོ་དང་ནང་མ་སྟོད་གཞས་མང་པོ་ཞིག་(https://soundcloud.com/techung)ཉན་རྒྱུ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།