གཞས་མ་ལེ་ཌི་གྷ་གྷའི་གཞས་རྒྱ་ནག་ནང་བཀག་འགོག

རྒྱ་གཞུང་གིས་ཉེ་བའི་ཆར་༧གོང་ས་མཆོག་དང་མཇལ་འཕྲད་གནང་མཁན་ཨ་རིའི་གཞས་མ་ལེ་ཌི་གྷ་གྷ་ཡི། གཞས་དང་གཞས་ཀྱི་གློག་བརྙན་སོགས་རྒྱ་ནག་ནང་གི་བརྙན་འཕྲིན་དང་རླུང་འཕྲིན། དྲ་རྒྱ་སོགས་ཀྱི་ཐོག་ནས་བཀག་སྡོམ་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

13536059_1197474306943103_529075613_nདེ་ཡང་ཟླ་འདིའི་ཚེས་༢༦ ཉིན་ཨ་རིར་གྲོང་སྡེའི་སྤྱི་ཁྱབ་རྣམ་པའི་ལྷན་ཚོགས་ཐོག ༧གོང་ས་མཆོག་དང་གཞས་མ་གྲགས་ཅན་ལེ་ཌི་གྷ་གྷ་གཉིས་མཉམ་ཞུགས་ཐོག “བྱམས་བརྩེ་དེ་འཛམ་གླིང་ཞི་བདེའི་ཀ་བ་”ཞེས་པའི་བརྗོད་གཞིའི་ཐོག་བཀའ་མོལ་གནང་ཡོད་པ་དང། ཚེས་༢༧ ཉིན་རྒྱ་གཞུང་གིས་རྒྱ་ནག་གི་བརྒྱུད་ལམ་ཚང་མའི་ཐོག་མོའི་གཞས་སོགས་ཚང་མ་བཀག་སྡོམ་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

གཞས་མ་ལེ་ཌི་གྷ་གྷ་ནི་རྒྱ་ནག་ནང་ནུབ་ཕྱོགས་གཞས་མ་ཆེས་སྐད་གྲགས་ཆེ་ཤོས་གྲས་ཡིན་པ་དང། མོར་དགའ་མོས་བྱེད་མཁན་ཤིན་ཏུ་མང་པོ་ཡོད་འདུག་ཀྱང། ཉེ་ཆར་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དེར། རྒྱ་ནག་ནང་མོ་རང་ལ་དགའ་མོས་བྱེད་མཁན་ཁྲོད་རྣམ་གྱུར་དང་བསམ་ཚུལ་འདྲ་མིན་སྟོན་མཁན་བྱུང་ཡོད་འདུག ཁོ་མོའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཐོག་ཏུ། ༧གོང་ས་མཆོག་དང་མཇལ་འཕྲད་གནང་བའི་པར་ཁ་ཤས་བཞག་ཡོད་འདུག་ཀྱང། རྒྱ་ནག་ནང་པར་དེ་དག་དམར་པོ་ལས་མཐོང་རྒྱུ་མེད་པ་ཆགས་ཡོད་འདུག འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་དང་རྒྱལ་ཁབ་གཞན་དུ་བལྟ་ཐུབ་པའི་དྲ་ལམ་ཁག་ཏུ། ཁག་ཅིག་གིས་མོས་རྒྱ་ནག་ནང་མོ་རང་ལ་དགའ་མོས་བྱེད་མཁན་དག་ལ་བསམ་ཤེས་བྱས་མེད་པ་རེད་ཅེས་དང། ཁག་ཅིག་གིས་མོར་བོད་ཀྱི་གནད་དོན་ཐད་རྫུན་བཤད་ནས་མགོ་འཁོར་ཡོད་པ་སོགས་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག དེ་བཞིན་ཁག་ཅིག་གིས་མོའི་འདོད་མོས་ལ་གུས་བརྩི་བྱེད་དགོས་སྐོར་དང། ཁག་ཅིག་གིས་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་དྲ་ལམ་ལས་བརྒལ་ཏེ། མཇལ་འཕྲད་དེའི་སྐོར་གནས་ཚུལ་བཙལ་ཏེ། དྲ་ལམ་ཐོག་ཏུ་འགྲེལ་བཤད་བྱས་ཡོད་འདུག

13535745_1197473503609850_2107629030_nརྒྱ་གཞུང་གིས་༧གོང་ས་མཆོག་དང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་སོགས། རྒྱ་ནག་ནང་འཁྲབ་སྟོན་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞས་དང་གློག་བརྙན་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པས། བཀག་སྡོམ་དེས་དོ་བདག་དེ་ཚོར་དཔལ་འབྱོར་འདུ་འགོད་བྱེད་པར་གནོད་སྐྱེལ་གྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།