གཞི་རིམ་གྱི་ཐོབ་ཐང་མེད་པའི་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༨  ཕྱི་ལོ་ ༢༠༢༡/༤/༧  

ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་འདུག་པ་དང་། བོད་ཕྱི་ནང་གཉིས་སུ་སྙན་གྲགས་དང་དགའ་མོས་ཆེན་པོ་བྱེད་ཡུལ་གྱི་མི་སྣ་ཞིག་རེད། ཁོང་ལ་རྒྱ་གཞུང་གིས་མ་ཉེས་ཁག་གཡོགས་བྱེད་དགོས་དོན་ད་ལྟའི་ཆར་གསལ་པོ་ཞིག་ཡོངས་གྲགས་ཆགས་མེད་ནའང་། རྩོམ་པ་པོ་ཞིག་ཡིན་པས་རྩོམ་ཡིག་གི་ནང་དོན་ལ་བརྟེན་ནས་ཡིན་པ་ཚོད་དཔག་བྱེད་ཐུབ། ཁོང་དང་ཁོང་ལྟ་བུའི་སྐྱེས་ཆེན་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་ནི། རྒྱ་དམར་གཞུང་གི་ངན་བྱུས་གཙོ་བོ་ཞིག་ཡིན་ལ། བོད་མི་རིགས་ཀྱི་མདུན་ལམ་ཁ་ཕྱོགས་གསལ་པོ་སྟོན་ཐུབ་མཁན་གྱི་རྩོམ་པ་པོ་དག་ལ་སྟངས་འཛིན་བྱེད་མ་ཐུབ་ན། མ་འོངས་པར་བོད་མི་རིགས་ཀྱང་སྟངས་འཛིན་ཐུབ་རྒྱུའི་རེ་བ་ཆེན་པོ་མེད་པར་ངོས་འཛིན་བྱེད་བཞིན་ཡོད་པས། རང་ཉིད་ལ་བསམ་ཚུལ་གང་ཡོད་པ་དེ་གསལ་པོ་བརྗོད་མཁན་གྱི་སྙིང་སྟོབས་ཅན་དག་ནི་རྒྱ་གཞུང་གིས་སྡང་ཟུག་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།

སྒོ་ཤེས་རབ་རྒྱ་མཚོ་ནི་དཔེ་མཚོན་ཙམ་ཡིན་པ་ལས། ད་དུང་རྩོམ་པ་པོ་དང་། བསམ་བློ་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་བོད་པའི་སྤྱི་ཚོགས་ནང་འབུར་དུ་ཐོན་པའི་མི་སྣ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། སྤྱི་ཡོངས་ནས་སྨྲ་བརྗོད་རང་དབང་གི་ཐོག་ལ་དམ་དྲག་ཆེན་པོ་ཡོད་སྟབས། མཐོ་རིམ་རྒྱལ་ཁབ་རིམ་པའི་དཔོན་རིགས་ནས། ཞིང་ཆེན་དང་ཁུལ། རྫོང་དང་ཡུལ་ཚོའི་རིམ་པ་བར་གྱི་ལས་བྱེད་དག་གིས་མི་མང་ལ་བཤུ་བཞོག་གཉའ་གནོན་ག་འདྲ་ཞིག་བཏང་ཡང་། ཞུ་གཏུགས་བྱ་རྒྱུའི་ཁོར་ཡུག་དང་གོ་སྐབས་མེད་ལ། དུས་རྒྱུན་དུ་གནོན་བཙུར་འབའ་ཞིག་གི་འོག་ཏུ་ཡོད་སྟབས། གོང་རིམ་ལ་ཞུ་གཏུགས་བྱ་རྒྱུའི་གོམས་གཤིས་ཡོད་མཁན་ནི་དེ་བས་ཀྱང་དཀོན་པོ་ཡིན། གལ་སྲིད་དེ་ལྟ་བུའི་བསམ་བློ་གཏོང་མཁན་ཞིག་བྱུང་ན། ཁ་བྲལ་པའམ་རྒྱལ་ཁབ་ལ་ངོ་ལོག་པའི་ཉེས་མིང་གཡོགས་ནས་བཙོན་འཇུག་བྱ་རྒྱུ་ལས་མེད་པས། དུས་རྒྱུན་བརྙས་བཅོས་ཁོ་ནའི་འོག་ཏུ་གནས་དགོས་བྱུང་ཡོད། གནས་སྟངས་འདི་ནི་ད་ལྟ་བོད་མི་རིགས་ཀྱི་ཕྲག་ཏུ་བབ་པའི་གནོན་ཤུགས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་དགོས།

མི་ཞིག་ལ་མཚོན་ན་ཟས་གོས་གནས་མལ་གྱི་གནད་དོན་ཙམ་ཡང་ཐག་གཅོད་ཐུབ་མེད་ན། མི་དེ་ལ་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་དང་ཐོབ་ཐང་རྩོད་རྒྱུའི་ནུས་པ་མེད་ལ། དེའི་བསམ་བློ་འཁོར་མཁན་ཡང་ཉུང་ཉུང་རེད། འོན་ཀྱང་དེ་ནི་ཟས་གོས་གནས་མལ་ཙམ་ཡང་འཚོལ་སྒྲུབ་བྱེད་མི་ཐུབ་མཁན་ལ་གོ་བ་ལས། ནུས་པ་ཡོད་ཀྱང་ཟས་གོས་གནས་མལ་ཙམ་གཙོ་བོར་མི་འཛིན་མཁན་དག་ལ་བརྗོད་པ་ཞིག་མིན། ཟས་གོས་ཙམ་འགྲིག་ན་ཡོད་ཚད་འགྲིག་སོང་བའི་བསམ་ཚུལ་ཡོད་མཁན་དག་ལ་མཚོན་ན། ད་དུང་རང་དབང་འཐབ་རྩོད་ཀྱི་བསམ་བློ་ནི་ཁྱི་ལ་སྐར་མ་བསྟན་པ་ལྟ་བུ་དབྱེ་འབྱེད་གཏན་ནས་མི་ཐུབ་པའི་ཚད་དུ་གྱུར་ཡོད། ད་ལྟའི་ཆར་བོད་ནང་དུ་ཤེས་ཡོན་ཡོད་པ་དང་རང་དབང་ཡོད་པའི་བསམ་ཚུལ་བརྗོད་མཁན་མང་པོ་ཞིག་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་ནང་ནས་བོད་ལ་གཉེན་འཕྲད་དུ་འགྲོ་མཁན་དག་གི་ནང་དུའང་དེ་ལྟ་བུའི་མཐོང་ཚུལ་ཡོད་མཁན་རེ་ཟུང་མཐོང་རྒྱུ་འདུག དོན་དངོས་སུ་ཟས་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་ཙམ་གྱིས་རང་དབང་ཡོད་པ་ཞིག་གཏན་ནས་མ་རེད།

དུས་རབས་ཉེར་གཅིག་པར་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འགྲོ་འདུག་རང་དབང་སོགས་ནི་གཞི་རིམ་རང་དབང་གི་གྲས་སུ་ཡོད་པས། གཞི་རིམ་གྱི་རང་དབང་ཙམ་ཡང་མེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཟས་གོས་གནས་མལ་གྱི་ཐོག་ནས་ཡར་རྒྱས་ཅུང་ཙམ་སོང་ཡོད་ཀྱང་། དོན་དུ་མི་རིགས་དེའམ་རྒྱལ་ཁབ་དེ་ནི་ཧ་ཅང་གི་རྗེས་ལུས་དང་། མུན་ནག་གི་ལམ་ལུགས་ཤིག་ཏུ་གནས་ཡོད། ད་ལྟའི་ཆར་རྒྱ་ནག་ལ་མཚོན་ན་ཟས་གོས་ཀྱིས་ཕོངས་པའི་དབུལ་པོ་རྣམས་ལ་གྲོང་དང་གྲོང་ཁྱེར་དག་ཏུ་སློང་རྒྱུའི་ཐོབ་ཐང་ཡང་འཕྲོག་གི་ཡོད་པ་དང་། གཞན་པའི་རང་དབང་དང་ཐོབ་ཐང་ཆེན་པོ་ཞིག་ཡོད་མེད་ནི་ཧ་ཅང་གསལ་པོར་གྱུར་ཡོད། དེར་བརྟེན་རང་དབང་ཡོད་པའི་བདེ་སྐྱིད་དང་རང་དབང་མེད་པའི་དཀའ་ངལ་གཉིས་བསྡུར་ནས་བལྟས་ཡོང་ན་རིམ་པས་གནད་དོན་དེའི་ཐོག་ནས་གོ་རྟོགས་གསར་པ་ཞིག་སྐྱེ་ངེས་རེད། ཟས་གོས་གནས་མལ་ཙམ་ལ་བསམ་བློ་བཏང་ནས་བཤད་ན། ཆོས་རྗེ་ས་པཎ་གྱིས། བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།། བསྒྲུབ་པར་ནུས་པ་མ་ཡིན་ནམ།། ཞེས་གསུངས་པ་ལྟ་བུར་གྱུར་ཡོད།

མདོར་ན་ད་ལྟའི་དུས་འདིར་ཆབ་སྲིད་ཀྱི་བསམ་བློ་ཡོད་མཁན་དང་། ཁོར་ཡུག་སྲུང་སྐྱོབས་པ། རྩོམ་པ་པོ་དང་། རིག་གཞུང་རྒྱུད་འཛིན་པ། གཞས་པ་སྐད་གྲགས་ཅན་སོགས་རྒྱ་གཞུང་གི་ལག་ཆར་བེད་སྤྱོད་མི་ཐུབ་པའི་རིགས་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་དང་། འདི་ལ་བརྟེན་ནས་མ་འོངས་པར་བོད་མི་རིགས་དེ་རྒྱ་གཞུང་གི་བཙན་གནོན་འོག་ནས་དུས་ནམ་ཡང་ཐར་ཐབས་མེད་པ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་དང་ལས་རིམ་བསྒྲིགས་ཡོད་པས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་དག་གིས་ཟས་གོས་གནས་མལ་ཙམ་ལས་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་གཏན་ནས་མ་བཏང་བར། རྒྱ་གཞུང་ལ་རེ་ལྟོས་བྱ་རྒྱུ་དང་། གསོལ་བ་སྨོན་ལམ་ཙམ་ལ་བརྟེན་ནས་བོད་དོན་ཐག་གཅོད་ཡོང་རྒྱུའི་རེ་བ་གཏན་ནས་མེད། བོད་འགྱེལ་ས་ནས་ལང་དགོས་ན། ཐོག་མ་རང་དབང་མེད་པའི་དཀའ་ངལ་ཤེས་དགོས་པ་དང་། དེ་ལས་ཐར་ཐུབ་པའི་བསམ་བློའི་གོ་རྟོགས་སྤེལ་དགོས། དེ་ལ་བརྟེན་ནས་དགྲ་གཉེན་གྱི་འདུ་ཤེས་བརྟན་པོ་སླེབས་ན་བོད་རྒྱལ་ཁབ་སླར་གསོའི་ཐོག་ལ་ནུས་པ་ཞིག་སླེབས་ཐུབ་པའི་རེ་བ་ཉག་གཅིག་ཏུ་གྱུར་ཡོད།།