གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བརྒྱད་པ་འཚོག་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྫོང་སར་བཤད་གྲྭ་ནས་གོ་སྒྲིག་ཞུས་པའི་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བརྒྱད་པ་དེ། བརྗོད་གཞི་མངོན་པ་མཛོད་ཀྱི་གཞུང་ལུགས་ཐོག་དུས་ཡུན་ཉིན་བཞིའི་རིང་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འཚོག་བཞིན་འདུག
ཟླ་འདིའི་ཚེས་ ༤ ནས་ ༧ བར་དུས་ཡུན་ཉིན་བཞིའི་རིང་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བརྒྱད་པ་དབུ་འཛུགས་གནང་འདུག་པ་དང་། ཐེངས་འདིའི་བརྗོད་གཞི་མངོན་པ་མཛོད་ཀྱི་གཞུང་ལུགས་ཀྱི་བསྟན་དོན་འགའ་ཞིག་གི་ཐད་རིས་མེད་ཆོས་སྡེ་ཁག་གི་མཁན་སློབ་དགེ་བཤེས་གྲངས་བཅུ་བདུན་ནས་དཔྱད་རྩོམ་བགྲོ་གླེང་གནང་བཞིན་ཡོད་འདུག་ལ།
བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་དང་། དམིགས་བསལ་སྐུ་མགྲོན་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་པོ་ནོར་བུ་ཚེ་རིང་དང་། མཁན་པོ་ཚུལ་ཁྲིམས་དཔལ་ལྡན་གཙོས། ཕྱོགས་མཐའ་ཁག་ནས་བགྲོ་གླེང་ལ་མཉམ་ཞུགས་གནང་བར་ཕེབས་པའི་དགོན་ཁག་ ༤༧ ནས་གྲྭ་བཙུན་གྲངས་ ༩༢ ཡོད་འདུག་པ་དང་། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ནས་སློབ་གཉེར་གནང་མཁན་དགེ་འདུན་པ་གྲངས་ ༡༥༠ བཅས་ཁྱོན་བསྡོམས་གྲྭ་བཙུན་ ༢༤༢ མཉམ་ཞུགས་གནང་ཡོད་འདུག
སྐབས་དེར་ཆོས་རིག་དྲུང་ཆེ་སྐུ་ངོ་བདུད་འདུལ་རྡོ་རྗེས་གཞུང་ཆེན་རིས་མེད་བགྲོ་གླེང་གི་རྒྱབ་ལྗོངས་ལོ་རྒྱུས་དང་། བགྲོ་གླེང་ཚོགས་འདུ་འདི་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཕན་ཚུན་དབར་ལྟ་བ་དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་གོ་སྐབས་བཟང་པོ་འཐོབ་ཀྱི་ཡོད་ཚུལ། དེ་བཞིན་ཆོས་བརྒྱུད་ཕན་ཚུན་མཐུན་སྒྲིལ་དང་ཚོགས་ཡུལ་གྱི་དགོན་པའི་ངོ་སྤྲོད་བཅས་ལ་ཕན་གྱི་ཡོད་ཚུལ་སོགས་ཀྱིས་མཚོན། དེ་རྗེས་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་ཁག་ངོ་སྤྲོད་མདོར་བསྡུས་ཙམ་གནང་ཡོད་འདུག
ལོ་ལྟར་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བཞིན་པའི་གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ནི། ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། བོད་ཀྱི་ཆོས་བརྒྱུད་དབར་མཐུན་འབྲེལ་དང་། གུས་བརྩི། ཆོས་སྡེ་ངོ་སྤྲོད་སོགས་ལ་དམིགས་ཏེ། ཕྱི་ལོ་ ༢༠༡༣ ལོའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་བཞག་པ་དང་། ཕྱི་ལོ་ ༢༠༡༥ ལོ་ནས་དབུ་འཛུགས་ཀྱིས་ཐོག་མ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་། རིམ་པའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་། དཔལ་ལྡན་ས་སྐྱ་མཐོ་སློབ། དཔལ་གཤེན་བསྟན་སྨན་རི་གླིང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར་བཅས་སུ་འཚོགས་ཡོད་པ་དང་། ཐེངས་འདིར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འཚོག་བཞིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།