གཞུང་ཚབ་ཟུར་པ་ཞིག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པར་ལ་དྭགས་ནང་པ་ཚོས་ངོ་རྒོལ་བྱས་འདུག
ཉེ་བའི་ཆར་རྒྱ་གར་གྱི་གཞུང་ཚབ་ཟུར་པ་ལ་དྭགས་པ་ཞིག་གིས། རྒྱལ་ཡོངས་བརྙན་འཕྲིན་ནང་གི་བགྲོ་གླེང་ལས་རིམ་ཞིག་གི་ནང་། རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་དང་འབྲེལ་ནས་༧གོང་ས་མཆོག་གསུང་མི་གྲག་པའི་རྒྱུ་མཚན་གང་ཡིན་པ་དང་། ཁོང་དང་རྒྱ་ནག་བར་ལག་འབྲེལ་གནང་གི་ཡོད་མེད་ཀྱི་དོགས་འདྲི་བྱས་འདུག་པས། ལ་དྭགས་ནང་པ་དང་ཚོང་པ་ཚོས་ངོ་རྒོལ་ཆེན་པོ་བྱས་འདུག
དེ་ཡང་ཟླ་༥ པའི་ཚེས་༢༩ ཉིན་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་AaJ Tak ཐོག་ཏུ། ལ་དྭགས་ཕྱོགས་སུ་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཐོག་བགྲོ་གླེང་ལས་རིམ་ཞིག་གོ་སྒྲིག་བྱས་འདུག་པ་དང་། དེའི་ནང་རྒྱ་གར་གྱི་གཞུང་ཚབ་ཟུར་པ་པི་སྟོབས་ལྡན་(P Stobdan)གྱིས། “གནད་དོན་ག་རེ་རེད་ཟེར་ན་རྒྱ་མི་འདི་གར་ག་རེ་བྱས་ནས་ཡོང་གི་ཡོད་རེད། སུས་ཁོ་ཚོར་ས་ཆ་འདི་ཁོ་ཚོའི་རེད་ལབ་རེད། རྒྱ་ནག་ས་ཆ་འདི་ནས་ཐག་རིང་པོ་རེད། ས་ཆ་འདི་བོད་མིའི་རེད། ག་རེ་བྱས་ནས་ཏཱ་ལའི་བླ་མ་ཁུ་སིམ་པོ་སྡོད་ཀྱི་ཡོད་རེད། ཁོས་ག་རེ་བྱས་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་མ་རེད། ཏཱ་ལའི་བླ་མས་དེའི་ཐོག་སྐད་ཆ་ཤོད་དགོས་ཀྱི་ཡོད་རེད། རྒྱ་ནག་གིས་ལ་དྭགས་ཀྱི་ས་ཆ་བཟུང་བཞིན་ཡོད་པའི་སྐབས་ལ། ཁོང་ཞལ་འདོན་བཏོན་ནས་བཞུགས་མི་རུང་། དེ་འདྲ་བྱས་ན་ཡོང་གི་མ་རེད། ང་ཚོས་ཁོང་ལ་རྡ་སར་གཞུང་འཛུགས་བཅུག་པ་རེད། ཁོང་གིས་ས་ཆ་འདི་བོད་ཀྱི་མ་རེད་རྒྱ་གར་གྱི་རེད་ཅེས་གསལ་བཤད་བྱས་དགོས་”ཞེས་དང་། ཁོང་གིས་”རྒྱ་ནག་དང་ལག་འབྲེལ་བྱེད་ཀྱི་ཡོད་པ་རེད་དམ། འདི་ག་རེ་རེད། ཐབས་བྱུས་ཀྱི་ནང་དུ་མགོ་རྙོག་ཁག་ཅིག་འདུག་”ཅེས་བརྗོད་འདུག
ཁོང་གི་སྐད་ཆ་དེ་ལ་བརྟེན་ནས་ལ་དྭགས་ནང་པའི་ཚོགས་པ་དང་དགོན་པའི་ཚོགས་བསོགས་ནས་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་དང་བསྒྲགས་གཏམ་སྤེལ་ནས། གཞུང་ཚབ་ཟུར་པ་པི་སྟོབས་ལྡན་གྱིས་༧གོང་ས་མཆོག་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དགོངས་སེལ་བཟོད་གསོལ་ཞུ་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་ལ་དྭགས་སླེ་ཡི་ཚོང་པའི་ལྷན་ཚོགས་ཀྱིས་གཞུང་ཚབ་པ་ཁོང་གིས་ནང་པ་རྣམས་ཀྱི་སེམས་ལ་ཕོག་ཐུག་བཏང་ཡོད་པར་སྐྱོན་བརྗོད་དང་། ཟླ་༦ པའི་ཚེ་༡ ཉིན་སླེ་ཡི་ཚོང་ཁང་ཟ་ཁང་སོགས་སྒོ་བརྒྱབ་ནས་༧གོང་ས་མཆོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་སྟོན་དགོས་སྐོར་བརྗོད་ནས། ཟ་ཁང་ཚོང་ཁང་སྒོ་རྒྱག་རྒྱུ་ཐག་གཅོད་བྱས་ཡོད་འདུག
དེ་བཞིན་ཁྲིགས་སེ་རིན་པོ་ཆེ་ནས་པི་སྟོབས་ལྡན་གྱིས་༧གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་ཀྱི་དཀྲོག་གཏམ་སྤེལ་བར་ངོ་རྒོལ་བྱེད་རྒྱུ་དང་། པི་སྟོབས་ལྡན་གྱིས་༧གོང་ས་མཆོག་ལ་བཟོད་གསོལ་གྱི་བཤགས་པ་ཞུ་དགོས་སྐོར་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།