གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིས་སྲིད་སྐྱོང་དང་བཀའ་བློན་རྣམ་པར་ཆེ་བསྟོད་གཟེངས་རྟགས་ཕུལ་འདུག
བཙན་བྱོལ་ནང་དུ་བོད་དོན་འཐབ་རྩོད་ཐད་ལས་འགུལ་སྤེལ་མཁན་གཞུང་འབྲེལ་མིན་པའི་ཚོགས་ཆེ་ཁག་བཞི་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དབུས་པའི་བཀའ་ཤག་སྐབས་༡༥ པའི་བཀའ་བློན་རྣམས་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་འདུག
དེ་ཡང་ཚོགས་པ་ཁག་གི་ངོ་དེབ་སྟེང་དུ་འཁོད་གསལ་ལ། ཟླ་༥ ཚེས་ ༢༡ རེས་གཟའ་པ་སངས་ཉིན་གྱི་ཞོགས་པ་ཕྱག་ཚོད་༩།༣༠ ཐོག་ཚོགས་པ་བཞིའི་སྐུ་ཚབ་རྣམས་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟན་ལས་ཁུངས་ནང་རྒྱ་ནད་ཏོག་དབྱིབས་ནད་རྟགས་ཡོད་མིན་བརྟག་དཔྱད་གནང་རྗེས་བཀའ་ཤག་ནང་ཆེད་བཅར་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་༢༠༡༡ ནས་ ༢༠༢༡ བར། བོད་ཀྱི་སྲིད་སྐྱོང་གིས་འགན་འཁུར་བཞེས་པའི་ལས་ཡུན་རིང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ངལ་འཛེམས་མེད་ཀྱིས་རླབས་ཆེའི་མཛད་དོན་མཐའ་དག་ལ་འབད་བརྩོན་ལྷོད་མེད་གནང་བར་ཡི་རང་བསྔགས་བརྗོད་དང་། མང་གཙོའི་སྤྱི་སྲོལ་འགྲོ་ལུགས་བོད་ཀྱི་སྲོལ་རྒྱུན་བཟང་དཔྱོད་སོགས་ཕར་ཕེབས་མཁན་ལ་ཕེབས་སྐྱེལ་ཐུགས་རྗེ་ལེགས་འབུལ་དང་། ཚུར་ཕེབས་མཁན་ལ་ཕེབས་བསུའི་འཚམས་འདྲི་སྣེ་ལེན་ཞུ་་སྲོལ་ཡོད་པ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་པའི་སྐབས་༡༥ པའི་བཀའ་ཤག་ལྷན་རྒྱས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བཅས་ཐུན་མོང་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཆེ་བསྟོད་གཟེངས་རྟགས་འདི་བཞིན་ཕུལ་བ་ལགས་ཞེས་འཁོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དབུས་པའི་བཀའ་ཤག་རྣམས་ལ། བོད་མིའི་ཚོགས་སྒེར་ཁག་མ་ཟད། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་སྒེར་དང་གྲོས་ཚོགས་སོགས་ནས་ཆེ་བསྟོད་གནང་དང་གནང་མུས་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།