གཞོང་སྟོང་དོན་དུ་ཁྱི་འཛིང་བརྒྱབ་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༨   ཕྱི་ལོ་ ༢༠༡༦/༨/༡༧

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་འཛིན་མཁན་ཚོའི་ངོས་ནས། ལམ་དབུ་མ་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་མཁན་ཚོས་བོད་རང་བཙན་སླར་གསོའི་ལས་དོན་ལ་བར་ཆད་བཟོ་མཁན་ཡིན་པར་ངོས་འཛིན་བྱེད་པ་དང། ལམ་དབུ་མའི་ལངས་ཕྱོགས་འཛིན་མཁན་ཚོས་དེ་བས་ཀྱང་དགྲ་བོ་རྒྱ་དམར་གཞུང་དང་མཉམ་དུ་སྡོད་རྒྱུའི་འཆར་གཞི་ཡོད་ཅེས་ཁ་གསལ་གཏིང་གསལ་གྱིས་བརྗོད་བཞིན་ཡོད་ཀྱང། བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཞིག་དང་མཉམ་དུ་སྡིངས་ཆ་གཅིག་ཏུ་གཏམ་བཤད་ཀྱང་མི་བྱེད་ཅེས། ཡོངས་ཁྱབ་ཀྱིས་བསྒྲགས་ཕོད་པ་དང། དེ་ལ་ངོ་ཚ་དང་འཛེམ་ཟོན་ཙམ་ཡང་མི་དགོས་པའི་གནས་སྟངས་ཤིག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དངོས་སུ་མཐོང་རྒྱུ་ཡོད། གནད་དོན་འདི་གཉིས་ལ་རྒྱབ་ལྗོངས་ཆེ་ཆུང་དང་ཟབ་ཚད་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ཀྱང། ངོས་འཛིན་རགས་པ་ཙམ་བྱས་པའི་དབང་དུ་བཏང་ན་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ཆེེད་དུ་རེད་ཅེས་བརྗོད་ནའང་མི་ཆོག་པ་མེད་པ་ལྟ་བུར་གྱུར་ཡོད།

འོན་ཀྱང་དོན་དངོས་སུ་རང་བཙན་སླར་གསོ་ཡོང་བའི་འགལ་རྐྱེན་ངོ་མ་དེ་བོད་མི་སུ་གཅིག་མ་ཡིན་ལ། དབུ་མའི་ལམ་གྱི་གནད་དོན་ཐག་གཅོད་མི་ཡོང་བའི་འགལ་རྐྱེན་ཀྱང་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་འཛིན་མཁན་དག་གཏན་ནས་མ་རེད། འདི་ནི་གནས་སྐབས་ཙམ་ལ་ཕྱིའི་དགྲ་བོ་མི་ཐུབ་པར་ནང་གི་ཨ་མར་ཁ་རྡུང་གཏོང་བ་ཙམ་དང། ཁ་རོ་ལ་འཁོར་ནས་མི་ངུ་བར་གྱང་ལ་འཁོར་ནས་ངུས་པའི་གཏམ་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད། ད་ལྟའི་ཆར་བོད་ས་ཡོངས་སུ་རྫོགས་པ་རྒྱ་དམར་གཞུང་གི་བདག་བཟུང་བཙན་འཕྲོག་བྱས་ཡོད་པ་མ་ཟད། སྣོད་བཅུད་ཡོངས་རྫོགས་བདག་བཟུང་བྱས་ཡོད་སྟབས་རྒྱུ་མཚན་དང་ཤུགས་རྐྱེན་དམིགས་བསལ་ཞིག་མེད་ན། རྒྱ་དམར་གཞུང་ལྟ་བུས་བརྐམ་ཆགས་ཅན་ཞིག་གིས་བོད་ལ་དམིགས་བསལ་སྤྲོད་མི་སྲིད་པ་གསལ་པོར་གྱུར་ཡོད་པ་ལས། བོད་རང་བཙན་སླར་གསོ་དང། རྒྱ་དམར་གཞུང་དང་མཉམ་དུ་སྡོད་རྒྱུའི་ལངས་ཕྱོགས་འཛིན་མཁན་གང་ཡིན་ཡང་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པའི་ནུས་པ་གང་ཡང་མེད།

ནང་ཁུལ་དུ་ཁྱོད་ཤི་ང་གསོན་གྱི་ཁ་རྩོད་འབའ་ཞིག་བརྒྱབ་ནས་ལག་རྨ་སོས་ཡོད་དང། ཁ་རྨ་སོས་མེད་ཅེས་པ་ལྟར་སེམས་ལ་རྨ་ཁ་བཟོ་རེས་ཇི་ལྟར་བྱས་ཀྱང་དོན་དངོས་སུ་རྒྱ་དམར་གཞུང་ལ་ཕན་ཐོགས་པ་ལས་བོད་པར་ཕན་ཐོགས་ཡོད་པ་ཞིག་ད་ལྟའི་ཆར་མཐོང་ཡུལ་དུ་མེད་པར་གྱུར་ཟིན། བོད་པའི་སྤྱི་ཚོགས་ནང་རང་གི་སྣང་བར་མི་འགྲོ་བའི་མི་ཞིག་ཡིན་ན། ལམ་སེང་མི་དེ་དོལ་རྒྱལ་བསྟེན་མཁན་དང། རྒྱ་དམར་གཞུང་དང་ངན་འབྲེལ་ཡོད་མཁན། ༧གོང་ས་མཆོག་ལ་དད་གུས་མེད་མཁན་ཡིན་ཚུལ་སོགས་ཤོད་རྒྱུའི་དར་སོ་ཆེན་པོ་ཡོད་པ་དེ། དོན་དུ་གནད་དོན་དེ་དག་རང་གི་སྣང་བར་མི་འགྲོ་བ་ཙམ་ལས་རྒྱུ་མཚན་ཚད་ལྡན་གང་ཡང་མེད་ཀྱང། དོན་དངོས་སུ་རྒྱ་དམར་གཞུང་དང་ངན་འབྲེལ་ཡོད་པ་མི་སྣ་གནད་ཡོད་ཀྱི་ནང་དུ་ཡོད་མི་སྲིད་པ་གཏན་ནས་མ་རེད། གང་ལྟར་ཡང་ད་ལྟའི་ཆར་བོད་པའི་ལས་དབང་ནི་ཤི་གསོན་གྱི་འགག་འཕྲང་དོག་པོ་ཞིག་ཏུ་སླེབས་ཡོད་པ་ལས། ཕྱོགས་ཕན་ཚུན་གྱི་བྱེད་སྟངས་འདི་ལྟར་མུ་མཐུད་དུ་སོང་ན་དགྲ་བོ་རྒྱ་དམར་གཞུང་ཁོ་ན་ལས་སུ་གཅིག་ལ་ཕན་ཐོགས་གཏན་ནས་མེད།

བཙན་བྱོལ་ནང་དུ་ཡོད་པའི་དབང་ཆའི་མིང་བཏགས་པའི་སྲིད་སྐྱོང་དང་བཀའ་བློན་སོགས་ཀྱང། དོན་དངོས་སུ་གོ་གནས་ཤིག་ཏུ་ངོས་འཛིན་གཏན་ནས་མི་འོས་པར་བོད་མི་རིགས་འཆི་གསོན་གྱི་འགག་འཕྲང་དོག་པོ་ཞིག་ཡོད་པ་དང། དེ་ལས་སྐྱོབ་པའི་ཐབས་ཤེས་གང་ཡོད་ཁོ་ནར་རྩོད་ལེན་བྱེད་རྒྱུའི་འགན་ཁུར་ལྕི་མོ་ཞིག་ཏུ་ངོས་འཛིན་བྱེད་མ་ཐུབ་པར། རྐུབ་སྟེགས་དེ་དག་གི་ཆེད་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་པ་དང། ཤོག་ཁག་དཔུང་སྒྲིག་ཁོ་ནར་བརྩོན་པའི་བསམ་ཚུལ་འདི་དག་ཀྱང་དོན་དངོས་སུ་སྣང་བ་དག་པའི་ལྟ་ཚུལ་ཙམ་ལས་དོན་དངོས་གཏན་ནས་མ་ཡིན་པའི་བསམ་ཚུལ་འདི་དག་ངོ་ཤེས་ཐུབ་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། བོད་ཕྱི་ནང་གཉིས་སུ་དོན་དངོས་ཀྱི་ཐོག་ནས་གོ་ས་ཞིག་གང་ཡང་མེད་པ་དང། བོད་ནང་རྒྱ་གཞུང་གི་གོ་མིང་ཅུང་ཙམ་ཡོད་པའི་བོད་པ་ཁག་ཀྱང་དོན་དུ་རྒྱ་གཞུང་གི་ལག་ཆ་ཙམ་དུ་དམིགས་པ་ཞིག་རེད། ལག་ཆ་བྱེད་མ་ཐུབ་ན་པཎ་ཆེན་རིན་པོ་ཆེ་ལྟ་བུ་སྐུ་སྲོག་ཀྱང་ཤོར་ངེས་པ་རེད།

མདོར་ན་རྒྱ་དམར་གཞུང་གིས་བོད་ལ་གང་ཡང་སྤྲད་མི་སྲིད་པ་དེ་ཧོང་ཀོང་གི་གནས་སྟངས་ཐོག་ནས་ཤེས་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་དང། ད་ལྟའི་ཆར་ཧོང་ཀོང་མི་མང་གི་བསམ་ཚུལ་ནང་དུའང་རྒྱ་གཞུང་གི་མཉམ་དུ་སྡོད་འདུན་མེད་པ་བརྒྱུད་ལམ་འདྲ་མིན་དུ་ཐོན་པ་ལྟར་ཡིན་ལ། རྒྱ་གཞུང་གི་ངོས་ནས་ཧོང་ཀོང་ལ་རང་དབང་ཚད་ལྡན་ཞིག་སྤྲོད་རྒྱུའི་འདུན་པ་གཏན་ནས་མེད་པ་དེ་ཡང་མི་ལོ་ཉི་ཤུ་ལ་ཉེ་བའི་གནས་སྟངས་ཐོག་ནས་ར་སྤྲོད་བྱུང་ཡོད་པ་རེད། བཙན་བྱོལ་བོད་མི་ནང་ཕན་ཚུན་དུ་གཅིག་གིས་གཅིག་ལ་འཁོན་འཛིན་བཅངས། གཅིག་གིས་གཅིག་ལ་དགྲར་འཛིན་གྱི་བསམ་བློ་ཇི་ལྟར་བསྐྲུན་ཀྱང་དོན་དུ། གཞོང་པ་སྟོང་པའི་དོན་དུ་ཁྱི་འཛིང་བརྒྱབ་པ་དང་གཅིག་པ་ལྟ་བུ་ལས་འཐོབ་བྱ་གང་ཡང་མེད་པ་གསལ་པོར་གྱུར་ཡོད་པ་རེད། དེར་བརྟེན་གནད་དོན་འདི་དག་གི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ཆ་ནས་བཤད་ན་མི་རེ་ལ་འགན་རེ་ཡོད་པ་ཤེས་དགོས་པ་ལས། འགན་ཁུར་གྱི་ཆ་ནས་གཙོ་ཕལ་གྱི་དབྱེ་བ་གང་ཡང་མེད་པའི་ལྟ་ཚུལ་འདི་སླེབས་ནས་ཚང་མས་འཐབ་རྩོད་བྱས་ན་རེ་བ་ཞིག་ཡོད་སྲིད་པ་རེད།།