གཞོན་ནུ་ལྷན་ཚོགས་ཀྱི་གལ་གནད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༧ ཕྱི་ལོ་ ༢༠༡༦/༨/༡༠
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་པ་དང། བཙན་བྱོལ་བོད་པའི་ལོ་རྒྱུས་ནང་ཚོགས་པ་འདིའི་འགན་ཁུར་བ་མང་པོ་ཞིག་བཙན་བྱོལ་བོད་གཞུང་གི་འགན་བཞེས་མཁན་གཙོ་བོའི་ནང་དུ་སླེབས་ཡོད། དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་པོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ཕྱིས་སུ་བཀའ་བློན་ཆགས་པ་དང་། གཞོན་ནུ་ཚོགས་པ་ཐོག་མ་གསར་འཛུགས་གནང་མཁན་གཙོ་བོ་དག་རིམ་པས་བཀའ་བློན་ཁྲི་པ་དང་བཀའ་བློན་མ་ཆགས་པ་གཅིག་ཀྱང་བྱུང་མེད། ད་ལྟའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཅུང་ཉམས་ཞན་གྱི་གནས་སུ་གྱུར་ཡོད་ཀྱང་། སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན། འཕྲོད་བསྟེན་བཀའ་བློན་གསུམ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་འགན་ཁུར་བཞེས་མྱོང་མཁན་ཡིན་ལ། བཀའ་ཤག་སྐབས་སྔོན་མ་ཡང་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན། ནང་སྲིད་བཀའ་བློན་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཆགས་ཡོད།
ལྷག་པར་དུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སྐབས་དང་པོའི་ཚོགས་གཞོན་གྱི་འགན་བཞེས་མྱོང་བ་སོགས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཚར་ལོང་བྱུང་བའི་གནད་ཡོད་མི་སྣ་མང་ཆེ་བ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་ཀྱི་འགན་ཁུར་བཞེས་མྱོང་མཁན་ཡིན་པ་དང། ཚོགས་མི་ཙམ་ཡང་བྱེད་མ་མྱོང་མཁན་ཞིག་ཕལ་ཆེར་ཧ་ཅང་དཀོན་པོར་གྱུར་ཡོད། ད་ལྟའི་ཆར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ནས་འགན་ཁུར་ཞུ་མཁན་ལོ་ན་བགྲེས་གཞོན་ཚང་མའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་མང་པོ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཆུང་ནས་ལས་བྱེད་པའི་གྲུབ་ཆ་ཡང་དེ་དང་གཅིག་མཚུངས་ཆགས་ཡོད་པ་ནི། ཚོགས་པ་འདིའི་ནང་མི་སྣ་ཤེས་ཡོན་ཅན་དང་འཇོན་ཐང་ཅན་མང་པོ་ཡོད་པ་མཚོན་ཐུབ་ལ། ཆེ་ས་ནས་ཚོགས་པ་འདི་བོད་ཀྱི་རྩ་དོན་འཐབ་རྩོད་དང། ཆུང་ས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་སྣ་གསོ་སྐྱོང་བྱེད་སའི་ཚོགས་སྡེ་གལ་ཆེ་ཤོས་སུ་གྱུར་ཡོད།
ད་ནས་བརྩིས་པའི་ལོ་བཞི་ཙམ་ནས་བཟུང་བཙན་བྱོལ་བོད་པའི་གཞིས་ཆགས་ཆེ་ཤོས་ཁག་ཅིག་གི་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་འགན་ཁུར་བ་ཁག་ཅིག་གིས་ས་རྒྱུན་ཁག་བརྒྱད་དབུས་རྒྱུན་གྱི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་དང། སྐབས་དེ་ཙམ་ནས་གཞོན་ནུ་ལྷན་ཚོགས་ལ་གོང་འོག་བར་གསུམ་ནས་བཀའ་བཀྱོན་གཏོང་མཁན་དང། ཁ་རྡུང་གཏོང་མཁན། ཐ་ན་སྡིགས་ར་སྐུལ་མཁན་ཡང་མང་པོ་བྱུང་ཡོད་ལ། རིམ་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ནུས་ཤུགས་ཀྱང་མི་ལོ་ལྔ་བཅུ་མ་ཟིན་ཙམ་གྱི་རིང་སྐྱོ་ཤོས་ལྟ་བུར་གྱུར་ཡོད། དཔེར་ན་གཞོན་ནུ་ལྷན་ཚོགས་ཀྱིས་བཀའ་ཤག་སྐབས་རྙིང་པ་དང་གསར་པའི་(བཀའ་ཤག་སྐབས་བཅུ་གསུམ་དང་བཅུ་བཞི)བར་གུ་ཡངས་མིན་གྱི་ཐོག་ལ་ཁྱད་པར་ཡོད་ཚུལ་བརྗོད་པ་དེ་ཡང་། ཐད་ཀར་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པ་ཡིན་ཚུལ་གསུངས་པ་དང། བོད་ཀྱི་གཞོན་ནུ་ཚོགས་པ་ནི་༧གོང་ས་མཆོག་གི་བཀའ་མི་རྩི་མཁན་ཡིན་ཚུལ་སོགས་གླེང་ཕྱོགས་སྣ་ཚོགས་ལ་བརྟེན་སྤྱི་ཚོགས་ནང་མགོ་འབུར་ཐབས་མེད་པ་ལྟ་བུའི་གནས་སྟངས་ཤིག་ཏུ་གྱུར་སོང་།
རྩ་བས་སྐབས་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང། ཆབ་སྲིད་ཀྱི་དབུ་ཁྲིད་གཉིས་ཀ་༧གོང་ས་མཆོག་ཡིན་ནའང་། དོན་དངོས་ཐོག་བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་ནས་༧གོང་ས་མཆོག་ཕྱེད་བགྲེས་ཡོལ་གྱི་རྣམ་པའི་ཐོག་ནས་བཞུགས་ཡོད་པ་རེད། སྐབས་དེ་དུས་ཀྱི་བཀའ་ཤག་ཙམ་དུ་མ་ཟད་བཙན་བྱོལ་བོད་གཞུང་ལ་ཁ་བཏང་བ་ཡིན་ནའང་། ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དུ་སྐུར་འདེབས་ཞུས་པ་ཞིག་ཏུ་གོ་བ་ལེན་ཁག་པོར་གྱུར་ཡོད། གལ་སྲིད་དོན་དངོས་སུ་དེ་ལྟར་གོ་བ་ལེན་དགོས་པ་ཡིན་ན། མཁས་དབང་ཟམ་གདོང་རིན་པོ་ཆེ་སྐབས་དང་པོ་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་སྐབས། ད་ལྟ་བོད་གཞུང་དེ་མོ་ཊ་གོབ་ཐོ་ཞིག་དང་གཅིག་པ་ཆགས་འདུག མོ་ཊའི་ཁ་ལོ་པ་ཞིག་བརྗེ་མོ་བརྒྱབ་པ་ཙམ་གྱིས་ནུས་པ་གང་ཡང་ཐོན་གྱི་མ་རེད་ཅེས་པ་ལྟ་བུ་ཞིག་གསུངས་ཡོད་པ་རེད། དེ་དུས་༧གོང་ས་མཆོག་ཕྱེད་བགྲེས་ཡོལ་གྱི་བཀའ་མོལ་དེ་ཡང་གཏན་ནས་མེད་པའི་སྐབས་རེད།
རྗེས་སུ་གཞོན་ནུ་ཚོགས་པའི་བཀའ་ཤག་གསར་རྙིང་གི་གུ་ཡངས་མིན་ཐད་ནས་བསམ་ཚུལ་བཤད་པ་དེ་ཐད་ཀར་༧གོང་ས་མཆོག་ལ་ཞུས་པར་གོ་དགོས་ན། མོ་ཊ་གོབ་ཐོ་ཞེས་པ་དེ་༧གོང་ས་མཆོག་རང་ལ་དགོས་པ་ཞིག་ཏུ་གྱུར་ཡོད། དོན་དངོས་སྔ་རྗེས་ཀྱི་སྐད་ཆ་གཉིས་ཀ་༧གོང་ས་མཆོག་ལ་དམིགས་མེད་པ་ཚོད་དཔག་བྱེད་ཐུབ་ཀྱང། ༧གོང་ས་མཆོག་ལ་ལག་པ་ཕྱིས་མ་ཕྱིས་ཀྱི་ཁྱད་པར་ཙམ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བཤད་རྒྱུའི་སྐད་ཆ་ལ་ཁྱད་པར་གང་ཡང་མེད་པར་ཤོད་མཁན་གང་ཟག་གི་ཁྱད་པར་ཐོག་ནས་བལྟ་བཞིན་ཡོད། མདོར་བསྡུས་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཉམས་ཆག་ཏུ་སོང་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ཉམས་གུད་དུ་སོང་བ་ཞིག་ཡིན་པ་ལས་ཚོགས་པ་བྱེ་བྲག་པ་ཞིག་དང་། ཚོགས་མི་བྱེ་བྲག་པ་རེ་ཟུང་ཙམ་ལ་དམིགས་བསལ་གྱིས་གྱོང་གུད་ཕོག་འགྲོ་བ་ཞིག་གང་ཡང་མིན། ཁ་བྲལ་དུ་སོང་བའི་ས་གནས་ཁག་ཅིག་ཉེ་ཆར་བསྐྱར་དུ་དབུས་གཞོན་ནུའི་ཁོངས་སུ་ཞུགས་ཐུབ་པ་ནི་ཧ་ཅང་གལ་ཆེ་ལ། གཞན་དག་ཀྱང་བསྐྱར་ཞུགས་ཐུབ་ན་འཕྲལ་ཕུགས་གང་ཐད་ནས་གལ་ཆེན་པོར་གྱུར་ཡོད།།