གཞོན་ནུ་ལྷན་ཚོགས་ཀྱིས་ཧིན་བོད་ས་མཚམས་བར་སྦག་སྦག་སྐོར་སྐྱོད་ལས་འགུལ་འགོ་བཙུགས་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་བྱ་ངན་ཐེར་འདོན་དང་བོད་དོན་དྲིལ་བསྒྲགས་ཆེད་དུ། ཉིན་ལྔ་ཡི་རིང་རྡ་ས་མེག་གྷན་ནས་ཧིན་བོད་ས་མཚམས་ཀི་ནོར་བར་སྦག་སྦག་སྐོར་སྐྱོད་ལས་འགུལ་ཞིག་འགོ་འཛུགས་གནང་སོང་བ་དང་། ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ལས་འགུལ་བ་༥༠ ང་གྲངས་ཤིག་འདུག
ཟླ་༡༡ པའི་ཚེས་༡༨ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་སྦག་སྦག་སྐོར་སྐྱོད་ལས་འགུལ་གྱི་དབུ་འབྱེད་མཛད་སྒོར་། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་དང་ཧི་མ་ཅཱལ་མངའ་སྡེའི་ནང་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་འགོ་ཁྲིད་རྒན་གྲས་ཀཱི་ཤན་ཀ་པུར་(Kishan Kapoor) དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་དང་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་གཙོས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་དང་། ཚོགས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་མི་མང་བཅས་ཀྱིས་མཉམ་ཞུགས་གནང་སོང་།
ཐེངས་འདིའི་སྦག་སྦག་སྐོར་སྐྱོད་དེ་རྡ་ས་མེག་གྷན་ནས་(Kinnaur) ཀི་ནོར་དུ་ཡོད་པའི་ཧིན་བོད་ས་མཚམས་བར་དུ་ཡིན་པ་དང་། སྐོར་སྐྱོད་ཀྱི་ལས་འགུལ་དེ་ཉིན་ལྔ་འགོར་འཆར་ཡོད་པ་དང་། ལམ་བར་དུ་ས་གནས་ཆེ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ལས་འགུལ་སྤེལ་འཆར་འདུག དེ་ཡང་རྡ་ས་དང་ཀུ་ལུ། མ་ན་ལི། བདེ་སྐྱིད་གླིང་། པོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས། སྦིར། ལྡི་ལི་བཅས་ས་གནས་བདུན་ནས་ལས་འགུལ་བ་༥༠ ང་གྲངས་ཤིག་གི་ཐོག བོད་དོན་རྒྱབ་སྐྱོར་བྱེད་མཁན་སྦག་སྦག་སྐོར་སྐྱོད་རུ་ཁག་(Rohtang Riders) ཚོགས་མི། དེ་བཞིན་སྨན་ཞབས་པ་དང་སྦག་སྦག་བཟོ་ལས་པ་བཅས་ཀྱིས་མཉམ་ཞུགས་བྱས་འདུག
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་དང་བོད་ནང་གི་བོད་མིའི་སྐུ་ཚབ་བྱས་ནས་ལས་འགུལ་སྤེལ་རྒྱུ་དེ་ལས་འགན་ཞིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་འཇིགས་པ་ཡོད་ཀྱང་འགྲོ་སྐྱོད་ཀྱི་གུ་ཡངས་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྐབས་འདི་དམ་འཛིན་གྱིས་ལས་འགུལ་འདི་སྤེལ་བ་ཡིན་སྐོར་དང་། ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་གཙོ་བོ་གསུམ་ནི། རྒྱ་ནག་གཞུང་གི་བྱ་ངན་ལ་བརྟེན་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་ནས་མི་རྒྱུ་གཉིས་ཀར་གྱོང་གུད་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ། རྒྱ་ནག་གཞུང་གིས་འགན་ཁུར་བྱེད་དགོས་པས། རྒྱ་ནག་གི་ཐོན་རྫས་ཉོ་ཚོང་མཚམས་འཇོག་བྱེད་དགོས་པ། དེ་བཞིན་རྒྱ་ནག་གིས་རྒྱ་གར་གྱི་ས་ཁོངས་སུ་ཁྲིམས་འགལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཆེད་དུ་བོད་རང་བཙན་ཐོབ་རྒྱུ་དེ་ནི་ཐབས་ལམ་ཡག་ཤོས་ཡིན་པས། རྒྱ་གར་གཞུང་གིས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་འཛིན་དགོས་པ། འབྲི་རུ་ནང་གི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚང་མ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་པ་བཅས་ཡིན་སྐོར་གསུངས་སོང་།
སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དབུས་གྲོས་ཚོགས་འཐུས་མི་ཀི་ཤན་ཀ་པུར་གྱིས། རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དེ་ལམ་ལྷོང་འབྱུང་རྒྱུ་མིན་པ་དང་། རྒྱ་ནག་གི་སེམས་ལ་རྒྱ་གར་དེ་ཕྱི་ལོ་༡༩༦༢ ལོའི་ནཱེ་རུ་གཞུང་གི་རྒྱ་གར་དེ་རེད་དྲན་གྱི་ཡོད་པ་རེད་དེ། དེ་ལྟར་མིན་པར་ཕྱི་ལོ་༢༠༢༠ ལོའི་རྒྱ་གར་དེ་ནི་མཱོ་རྡི་གཞུང་གི་རྒྱ་གར་ཡིན་པ་སོགས་རྒྱ་ནག་གིས་ཧམ་འཛུལ་ལ་འགོག་རྒོལ་དང་ཁ་གཏད་བྱེད་པའི་ནུས་པ་ཚད་ལྡན་ཡོད་སྐོར་དང་། བོད་དོན་ལས་འགུལ་འདི་རིགས་ལ་བརྟེན་ནས་མ་འོངས་པར་བོད་དེ་བོད་མིར་ཐོབ་པའི་རེ་བ་དང་སྨོན་ལམ་ཡོད་པ། དེ་བཞིན་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་རྒྱུར་རྒྱབ་སྐྱོར་སྔ་མ་ནས་གནང་གི་ཡོད་སྐོར་གསུངས་སོང་།
སྦིར་ནས་ཡིན་པའི་ལས་འགུལ་བ་ཉི་མ་དཔའ་ཤོད་ཀྱིས་ཐེངས་འདིར་བོད་མི་མི་རེ་ངོ་རེ་ནས་སོ་སོའི་ལས་འགན་ཁུར་ནས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་དང་བོད་དོན་བདེན་མཐའ་མྱུར་དུ་སེལ་ཆེད་དུ་ཆོལ་གསུམ་གཅིག་སྒྲིལ་ཐོག་ནས་ལས་འགུལ་དེར་མཉམ་ཞུགས་བྱས་པ་ཡིན་སྐོར་གསུངས་སོང་།
དེ་བཞིན་སྦིར་ནས་ཡིན་པའི་ལས་འགུལ་བ་བཀྲ་ཤིས་བཟང་པོས་ཁོང་མཉམ་ཞུགས་བྱེད་དགོས་དོན་ནི། བོད་རྒྱལ་ཁབ་ཀྱི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་པས། སྔ་མ་ནས་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས་འགན་ཁུར་ནས་ལས་འགུལ་སྤེལ་དགོས་དྲན་ཡང་ཆ་རྐྱེན་དང་གོ་སྐབས་ཐོབ་མ་བྱུང་བས། ཐེངས་འདིར་མཉམ་ཞུགས་བྱས་པ་ཡིན་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།