གཞོན་ལྷན་གྱི་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན།

འདི་ལོ་གཞོན་ལྷན་གྱི་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་གཟེངས་རྟགས་དེ་བུ་རྩེད་འགྲན་པ་འབྲོག་པ་རུ་ཁག་དང་། བུད་མེད་རྩེད་འགྲན་པ་སུ་ཇཱ་སློབ་ཟུར་རུ་ཁག་ལ་ཐོབ་ཡོད་པ་རེད།

tyc2016དེ་ཡང་ལོ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་པའི་དུས་དྲན་དང་སྟབས་བསྟུན། དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་ཆེད་དང་ན་གཞོན་ཚོ་ཕན་ཚུན་འབྲེལ་ལམ་ཡོང་ཆེད་ལག་རྩེད་སྤོ་ལོའི་འགྲན་སྡུར་ཞིག་བྱེད་ཀྱི་ཡོད་པ་ལྟར། འདི་ལོར་འགྲན་སྡུར་ནང་བུ་རུ་ཁག་༡༢ དང་བུད་མེད་རུ་ཁག་༦ མཉམ་ཞུགས་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༧ ཉིན་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་༤༧ འཁོར་བའི་དུས་དྲན་དང་སྟབས་བསྟུན། རྩེད་འགྲན་གྱི་མཐའ་མའི་འགྲན་སྡུར་དང་གཟེངས་རྟགས་སྤྲོད་རྒྱུའི་མཛད་སྒོ་དེ་དྷ་ས་གངས་སྐྱིད་གཞོན་ལྷན་རྩེད་ཐང་དུ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ངག་དབང་ཡོན་ཏན་དང་། གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་སོགས་ཕེབས་ཡོད་པ་རེད།

1tyc2016མཐའ་མའི་འགྲན་སྡུར་ནང་བུ་རྩེད་འགྲན་པ་འབྲོག་པ་རུ་ཁག་དང་ཐུ་བྷོད་རུ་ཁག་གཉིས་འགྲན་སྡུར་བྱས་ཏེ། མཐའ་མའི་རྒྱལ་ཁ་འབྲོག་པ་རུ་ཁག་ལ་ཐོབ་སྟེ་ཨང་དང་པོའི་གཟེངས་རྟགས་སྤྲད་ཡོད་པ་རེད། བུད་མེད་རྩེད་འགྲན་པ་སྨན་རྩིས་ཁག་རུ་ཁག་དང་སུ་ཇཱ་སློབ་ཟུར་རུ་ཁག་གཉིས་འགྲན་སྡུར་བྱས་ཏེ། སུ་ཇཱ་སློབ་ཟུར་རུ་ཁག་ལ་རྒྱལ་ཁ་ཐོབ་སྟེ་ཨང་དང་པོའི་གཟེངས་རྟགས་སྤྲད་ཡོད་པ་རེད། དེ་བཞིན་བུ་རྩེད་འགྲན་པའི་ནང་ནས་སྤོ་ལོ་བླུགས་མང་ཤོས་ཐུ་བྷོད་རུ་ཁག་གི་བྱམས་པ་དང་། བུད་མེད་རྩེད་འགྲན་པའི་ནང་ནས་སུ་ཇཱ་སློབ་ཟུར་རུ་ཁག་གི་ཡེ་ཤེས་དབང་མོ་གཉིས་ལ་གཟེངས་རྟགས་སྤྲད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།