གཞོན་ལྷན་གྱི་སྒྲིག་གཞི་དོན་ཚན་དང་པོ་དང་བཞི་པར་བསྒྱུར་བཅོས་མི་དགོས་པའི་ཐག་གཅོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་གཞོན་ལྷན་གྱི་སྒྲིག་གཞིའི་ནང་གི་དམིགས་ཡུལ་དོན་ཚན་བཞི་ནས། དོན་ཚན་དང་པོ་དང་བཞི་པ་ལ་བསྒྱུར་བཅོས་གཏོང་དགོས་མིན་སྐོར་ལ་གྲོས་བསྡུར་བྱས་མཐར་བསྒྱུར་བཅོས་གཏོང་མི་དགོས་པ་མང་མོས་ཐག་གཅོད་བྱས་ཡོད་པ་རེད།
དེ་ཡང་ཚོགས་ཆེན་དེ་དྷ་ཤོད་དུ་འཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་༣ཉིན་གཞོན་ལྷན་གྱི་ཚོགས་ཆེན་ཉིན་མཐའ་མ་ཡིན་པ་དང་། གཞོན་ལྷན་གྱི་སྒྲིག་གཞི་ལེའུ་བཞི་པའི་དམིགས་ཡུལ་དོན་ཚན་དང་པོ། གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་ཆེན་པོའི་དབུ་ཁྲིད་ལམ་སྟོན་འོག་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ་དང།
དོན་ཚན་བཞི་པ། གཞིས་བྱེས་རྒྱ་ཆེ་བོད་མི་མང་ནས་བོད་རང་བཙན་གྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ། དགྲ་བོར་རྒོལ་འཛིངས་ཀྱི་ལས་འགུལ་དཔེ་བསྔགས་ཀྱི་གནས་སུ་ཡོད་པ་དེ་དག་སྒྲུབ་ཆེད་དཀའ་ངལ་དྭང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་བདུན་བསྐྱོད་བྱ་རྒྱུ་ཞེས་འཁོད་ཡོད་པ་རེད། བར་ལམ་ཞིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་ཇུས་སུ་བསྒྱུར་བ་དང་། སྤྱི་ཚོགས་ནང་ཁག་ཅིག་གིས་གཞོན་ལྷན་གྱི་དམིགས་ཡུལ་དོན་ཚན་དང་པོ་དང་། བཞི་པ་གཉིས་ཀྱི་བར་འགལ་ཟླ་ཡོད་སྐོར་བརྗོད་པར་བརྟེན།ཐེངས་འདིའི་ཚོགས་ཆེན་ཐོག་བསྒྱུར་བཅོས་དགོས་མིན་ཐོག་གྲོས་བསྡར་བྱས་ཏེ། དོན་ཚན་དང་པོ་ཚོགས་ཞུགས་པའི་ནང་ནས་མི་༥༤ བསྒྱུར་བཅོས་གཏོང་མི་དགོས་སྐོར་བརྗོད་པ་དང་། མི་༢༤བསྒྱུར་བཅོས་དགོས། དོན་ཚན་བཞི་པ། མི་༤༥བསྒྱུར་བཅོས་གཏོང་མི་དགོས་པ་དང་། ༣༩ བསྒྱུར་བཅོས་གཏོང་དགོས་སྐོར་བརྗོད་ནས་མང་མོས་ཀྱིས་བསྒྱུར་བཅོས་གཏོང་མི་དགོས་པ་ཐག་གཅོད་བྱས་ཡོད་པ་རེད།
བསྒྱུར་བཅོས་གཏོང་མི་དགོས་སྐོར་བརྗོད་མཁན་ཚོས་༧གོང་ས་མཆོག་གིས་མང་གཙོས་གསོལ་རེས་གནང་ནས། ད་ལྟའི་འཐབ་རྩོད་ཆེད་བསམ་ལངས་ཕྱོགས་མ་འདྲ་ཡོང་ཆོག་པའི་ལམ་སྟོན་དང་། རང་བཙན་འཐབ་རྩོད་བྱས་ན་མི་འགྲིག་པའི་ལམ་སྟོན་གནང་མེད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
སྐབས་སྔོན་མ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་གཞོན་ལྷན་གྱིས་འབྲེལ་བ་བྱེད་རྒྱུ་མིན་ཞེས་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། ཐེངས་འདིར་གྲོས་ཆོད་དེ་ཡང་ཕྱིར་འཐེན་དགོས་མི་དགོས་སྐོར་ལ་གྲོས་བསྡུར་བྱེད་སྐབས། ཕྱིར་འཐེན་བྱེད་དགོས་པའི་སྐོར་ལ་བསམ་ཚུལ་ཤུགས་ཆེན་འདོན་མཁན་བྱུང་ཡོད་ཀྱང། མཐར་མང་མོས་ཐག་གཅོད་ཀྱིས་གྲོས་ཆོད་དེ་ཕྱིར་འཐེན་མི་དགོས་པ་བྱུང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།