གཞོན་ལྷན་གྱིས་དུས་དབང་སྐབས་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་འཆར།
ཟླ་འདིའི་ཚེས་༡༨ ཉིན་དྷ་ས་མེག་གྷན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ། ཕྱི་ལོ་༢༠༡༧ ལོའི་དུས་དབང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་པ་དང་། ཆོས་ཞུ་བ་མགོ་སྐོར་མ་ཐེབས་ཆེད་གཞོན་ལྷན་གྱི་ཞབས་ཞུ་བའི་སྟོད་གོས་སེར་པོའི་ཐོག་གི་ཨང་གྲངས་དང་། ངོས་འཛིན་ལག་ཁྱེར་གྱི་ཨང་གྲངས་མཐུན་གྱི་ཡོད་སྐོར་གསུངས་སོང་།
གཞོན་ལྷན་ཚོགས་གཙོས་བསྟན་འཛིན་འཇིག་མེད་ཀྱིས་ཕྱི་ལོ་༢༠༡༧ ལོའི་ཟླ་༡ པའི་ཚེས་༣ ནས་ཚེས་༡༤ བར་རྒྱ་གར་མངའ་སྡེ་བྷི་ཧར་གྱི་རྡོ་རྗེ་གདན་དུ་གོང་ས་མཆོག་གིས་དུས་དབང་ཐེངས་༣༤ པ་གནང་རྒྱུ་ཡིན་པ་དང་། དེ་གར་གཞོན་ནུ་ལྷན་ཚོགས་ངོས་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པ་དེ་བསྐལ་བ་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་སོང་། དེ་རྗེས་ཟུང་དྲུང་ངག་དབང་བློ་བཟང་གིས་གསར་འགོད་གསལ་བསྒྲགས་དེ་བསྒྲོགས་སྦྱང་བྱས་རྗེས། ཚོགས་གཞོན་རྟ་མགྲིན་སྲི་གཅོད་ཀྱིས་སྡེ་ཚན་རེ་རེ་ལ་འགྲེལ་བཤད་རྒྱས་པ་བྱས་ཏེ། གསར་འགོད་པའི་དྲི་བར་ལན་བྱས་སོང་།
སྤྱིར་དུས་དབང་དེ་ཕྱི་ལོ་༢༠༡༧ ལོའི་ཟླ་༡ པོའི་ཚེས་༣ ནས་འགོ་འཛུགས་བྱེད་ཀྱི་ཡོད་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་ཁག་ལ་གསལ་བསྒྲགས་བྱས་ནས་བསྡུ་བསྐོང་ཐུབ་པའི་དྭང་བླངས་བ་གྲངས་༢༠༠ ལྷག་ཡོད་པ་རྣམས་ཞབས་ཞུའི་སྡེ་ཚན་ཁག་ལ་བགོས་ནས། ཕྱི་ལོ་༢༠༡༦ ལོའི་ཟླ་༡༢ པའི་ཚེས་༢༣ ཉིན་ནས་ཕྱི་ལོ་༢༠༡༧ ལོའི་ཟླ་༡ པོའི་ཚེས་༡༧ བར་ཉིན་གྲངས་༢༦ རིང་ཞབས་ཞུའི་ལས་ཀ་བྱེད་རྒྱུ་ཡིན་པ་རེད།
དེ་བཞིན་ཟླ་༡༢ པའི་ཚེས་༡༠ ཉིན་དབུས་རྒྱུན་ལས་གཉིས་རྡོ་རྗེ་གདན་དུ་སྔོན་ཚུད་ནས་གྲ་སྒྲིག་བྱེད་དུ་འགྲོ་རྒྱུ་ཡིན་འདུག ཐེངས་འདིར་གཞོན་ནུ་ལྷན་ཚོགས་ཀྱིས་ཞབས་ཞུའི་རིགས་སྡེ་ཚན་༩ ལ་བགོས་འདུག་པ་དང་། སྡེ་ཚན་རེ་ལ་དབུས་རྒྱུན་ལས་རེ་རེས་འགན་ཁུར་ཏེ། དྭང་བླངས་པ་ཆ་བགོས་ཀྱིས་ཞབས་ཞུའི་ལས་རིགས་ཁག་ལ་ཞུགས་རྒྱུ་ཡིན་པ་རེད།
སྡེ་ཚན་དང་པོ་དེ་གསུང་ཆོས་རྭ་བའི་ཁུལ་དུ་དང་མི་མང་གི་སྡོད་གུར་ཡོད་སའི་ས་གནས་མ་དྷ་གྷར་གཉིས་ལ་གསལ་བསྒྲགས་ཁང་རེ་བཙུགས་ནས། དེ་གར་གཙོ་བོ་གསུང་ཆོས་ཀྱི་མཛད་རིམ་དང་ཆོས་ཞུ་བ་མི་མང་གི་གལ་ཆེའི་གསལ་བསྒྲགས། བོར་བརླགས་སོང་བའི་དང་རྙེད་གསོན་བྱུང་བའི་དངོས་པོའི་རིགས་དོ་བདག་སོ་སོར་འཕྲོད་ཐབས་ཆེད་གསལ་བསྒྲགས་དང་། མི་མང་གི་འཕྲོད་བསྟེན་དང་བདེ་འཇགས་ཀྱི་སོགས་ལ་ཡིད་གཟབ་དགོས་པ་སོགས་ཀྱི་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག
གཉིས་པར་བོད་ནས་གསར་དུ་སླེབས་མཁན་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ལེན་ཁང་གིས་སྡོད་ཡུལ་ཞིག་གོ་སྒྲིག་བྱས་ཡོད་འདུག་པས། དེ་གར་དྭང་བླངས་པ་༣༠ ལྷག་གཏན་སྡོད་ཀྱིས་གནས་སྐོར་སོགས་ཀྱི་རོགས་རམ་གང་དགོས་བྱ་རྒྱུ་ཡིན་འདུག
གསུམ་པར་ཆོས་ཞུ་བ་སུ་འདྲ་ཞིག་ལ་ཛ་དྲག་གི་རོགས་རམ་དགོས་ཚེ་ཉིན་མཚན་མེད་པར་རོགས་རམ་བྱ་མཁན་གྲ་སྒྲིག་བྱེད་རྒྱུ་ཡིན་པ་རེད།
བཞི་པར་རྡོ་རྗེ་གདན་གྱི་མེ་འཁོར་དང་རླངས་འཁོར་འབབ་ཚུགས་སུ་ཆོས་ཞུ་བ་རྣམས་ལ་ལམ་ནོར་དང་བོར་བརླགས་མི་ཡོང་བ། ཧིན་སྐད་མི་ཤེས་མཁན་རྣམས་ལ་སྐད་སྒྱུར། དེ་བཞིན་ལོ་མཐོ་ཞིང་རོགས་རམ་མེད་པའི་རིགས་ལ་རོགས་རམ་དང་སྣེ་ལེན་བྱ་རྒྱུ། འབབ་ཚུགས་ནས་རྡོ་རྗེ་གདན་སོགས་ཀྱི་ས་གནས་ཁག་གི་རླངས་འཁོར་གྱི་རིན་གོང་ཏག་ཏག་ཡོང་བར་རོགས་རམ་བྱ་རྒྱུ། དེ་བཞིན་དགོས་གལ་བྱུང་ཚེ་པ་ཊེ་ན་གྲོང་ཁྱེར་གྱི་འབབ་ཚུགས་སུ་ཡང་རོགས་རམ་བྱེད་པར་འགྲོ་རྒྱུ་ཡིན་འདུག
ལྔ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྦྱིན་བདག་བྱས་པའི་ཕྱོགས་མཐའ་ཁག་ནས་རྒན་རྒོན་དང་ཉམ་ཐག་༡༠༠༠ ལ་རོགས་རམ་ཞབས་ཞུ་གང་དགོས་བྱ་རྒྱུ་ཡིན་འདུག
དྲུག་པར་མི་མང་སྡོད་གུར་རྒྱག་ཡུལ་ས་གནས་མ་གྷ་དར་ཆོས་ཞུ་བ་རྣམས་ཉིན་མོར་གསུང་ཆོས་ཕྱིན་པའི་སྐབས་དང་། དེ་བཞིན་མཚན་ལ་ཡང་དྭང་བླངས་བ་རྣམས་ཀྱིས་སྲུང་སྐྱོབ་བྱ་རྒྱུ་ཡིན་འདུག
བདུན་པར་ཆོས་ཞུ་བ་ནད་པ་ཆགས་མཁན་དག་ལ་ཉིན་མཚན་མེད་པར་དགོས་ངེས་ཀྱི་རོགས་རམ་དང་། སྨན་ཁང་དུ་སྐད་སྒྱུར་སོགས་ཀྱི་རོགས་རམ་བྱ་རྒྱུ་ཡིན་འདུག
བརྒྱད་པར་དུས་དབང་སྐབས་མི་ཚེ་ལས་འདས་པ་བྱུང་ཚེ། དོ་བདག་དེའི་ནང་མིའི་རེ་འདོད་ལྟར་སྐུ་ཕུང་ཞུགས་འབུལ་སོགས་ཀྱི་རོགས་རམ་བྱ་རྒྱུ།
དགུ་པར་རྒན་རྒོན་རྣམས་ལ་གསུང་ཆོས་ར་བའི་བར་དམིགས་བསལ་ཐོག་ནས་འཁོར་ལྡན་རྐུབ་ཀྱག་སྟེང་བསྐྱལ་བའི་རོགས་རམ་སོགས་སྤྱི་ཚོགས་ཞབས་ཞུ་རྒྱ་ཆེ་བྱ་རྒྱུ་ཡིན་འདུག
དེ་བཞིན་དུས་དབང་སྐབས་ཛ་དྲག་གི་གནས་སྟངས་འབྱུང་ཚེ། གཞོན་ནུ་ལྷན་ཚོགས་ཀྱི་ཛ་དྲག་འབྲེལ་མཐུད་ཁ་པར་ཨ་གྲངས་གཉིས་ས་གནས་རྡོ་རྗེ་གདན་ནས་བླངས་ཡོད་འདུག་པ་དང་། དེ་གཉིས་ནི་༧༢༦༡༨༤༡༨༧༧ དང་༩༩༠༦༨༢༧༤༤༤ བཅས་ཡིན་འདུག
དེ་བཞིན་ཐེངས་འདིར་མི་མང་གིས་གཞོན་ནུ་ལྷན་ཚོགས་ཀྱི་དྭང་བླངས་པ་ཡིན་པར་ངོས་འཛིན་ཐུབ་ཆེད་དང་། མི་མང་ལ་མགོ་སྐོར་གཏོང་མཁན་དག་ངོས་འཛིན་ཐོབ་ཆེད་དུ། སྟོད་གོས་གསར་པ་སེར་པོ་ཞིག་བཟོས་འདུག་པ་དང་། དེ་ཡང་སྟོད་གོས་སྟེང་ལ་ཨང་གྲངས་ཤིག་ཡོད་པ་དང་། ཨང་གྲངས་དེ་དྭང་བླངས་པའི་ངོས་འཛིན་ལག་ཁྱེར་སྟེང་ཡོད་པའི་ཨང་གྲངས་དང་མཐུན་གྱི་ཡོད་འདུག་པས། དེ་ལས་དྭང་བླངས་པ་དངོས་གནས་དང་རྫུན་མ་གཉིས་བར་དབྱེ་བ་འབྱེད་རྒྱུ་ལས་སླ་པོ་ཆགས་ཡོདའདུག དུས་དབང་མཇུག་བསྒྲིལ་རྗེས་མི་མང་ཁག་ཅིག་གནས་སྐོར་སོགས་ཀྱི་ཆེད་དུ་རྡོ་རྗེ་གདན་དུ་ལྷག་གི་ཡོད་པ་དང་། སྐབས་དེར་རྒྱ་གར་བའི་འགྲིམ་འགྲུལ་ལས་ཁང་མང་པོ་ཆེད་འཛུགས་ཀྱིས་རིན་གོང་མཐོན་པོ་སོགས་ཀྱི་མགོ་སྐོར་བཏང་བའི་གནས་ཚུལ་བྱུང་མྱོང་ཡོད་འདུག་པས། དབུས་གཞོན་ལྷན་ཚོགས་གཙོས་ས་གནས་དཔོན་པོ་ཁག་དང་ཐུག་འཕྲད་ཀྱིས་དེའི་སྐོར་སྙན་སེང་དང་རོགས་རམ་ཞུ་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།