གཞོན་ལྷན་ནང་ཁུལ་གྱི་དཀའ་ངལ་གང་འཚམ་སེལ་བ་རེད་ཅེས་ཚོགས་གཙོས་གསུངས་སོང་། 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལ་བཅར་འདྲི། 

དྲི་བ། ཐེངས་འདིའི་གཞོན་ལྷན་སྤྱི་ཁྱབ་རྒྱུན་ལས་ཀྱི་དུས་ཡུན་རྫོགས་ལ་ཉེ་བས། ལོ་གསུམ་རིང་ལས་དོན་འགྲུབ་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད།

jime1_tycལན། ང་ཚོ་༢༠༡༣ ལོར་རྒྱུན་ལས་ལ་འཁོད་སྐབས། གཞོན་ལྷན་གྱི་སྒྲིག་འཛུགས་ལ་དཀའ་ངལ་ཆེན་པོ་སྤྲད་པའི་ཁ་ཐུག་ཅིག་རེད། དེའི་སྐབས་ས་གནས་གཞོན་ལྷན་བརྒྱད་ཅིག་དབུས་ཀྱི་འོག་ནས་ཕྱིར་འཐེན་པ་དང་། རང་བཙན་བཤད་མཁན་ཡིན་ན་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་རེད་ཅེས་བཤད་མཁན་བྱུང་བ་རེད། བོད་ནང་གི་གནས་སྟངས་དེ་ཛ་དྲག་ཡིན་པས། དེའི་ཐོག་གདོང་ལེན་དང་ལས་འགུལ་སྤེལ་རྒྱུ། འཆར་གཞི་སྒྲིག་དགོས་པ་རེད་མོད། ང་ཚོ་རྒྱུན་ལས་སྐབས་དུས་ཚོད་མང་བ་དེ་ནང་ཁུལ་གྱི་དཀའ་ངལ་སེལ་ཐབས་སུ་བཏང་བ་འདྲ་ཆགས་འདུག ང་ལ་མཚོན་ན་དེར་བློ་ཕམ་ཡོད། ང་རྒྱུན་ལས་ལ་སླེབས་སྐབས་བོད་དོན་ཆེད་དུ་ལོ་དང་ཟླ་བར་ལས་འགུལ་སྤེལ་རྒྱུའི་བསམ་བློ་ཞིག་ཡོད་ཀྱང་། སྒྲིག་འཛུགས་ལ་དཀའ་ངལ་འཕྲད་སྐབས་དེ་སེལ་ཐབས་མ་བྱས་ན། འཐབ་རྩོད་ལ་གྱོང་རག་རྒྱུ་ཡིན་པ་དང་། སྒྲིག་འཛུགས་སྲ་ཐག་ཐག་དང་ཆིག་སྒྲིལ་དགོས་པ་དེ་རྒྱུན་ལས་ཚང་མར་བསམ་ཚུལ་འདུག ས་གནས་བརྒྱད་ཕྱི་ལ་སོང་བསྡད་ཡོད་པས། དེ་ཆིག་སྒྲིལ་ཆགས་དགོས་ཀྱི་འདུག་བསམས་ནས། ད་ལྟ་མོན་གྷོ་ཊི་ས་གནས་གཞོན་ལྷན་དང་། སྦེང་ལོར་ས་གནས་གཞོན་ལྷན་ཆིག་སྒྲིལ་བྱུང་སྟེ། དབུས་ཀྱི་ཁྱབ་ཁོངས་འོག་ཏུ་སླེབས་པ་དེ་གྲུབ་འབྲས་ལ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། དེ་ནས་བར་ལམ་ཞིག་ནས་ཨ་རིའི་ནིའུ་ཡོག་དང་ནིའུ་རྗེ་སི་ས་གནས་གཞོན་ལྷན་གྱི་དཀའ་ངལ་དེ་རེད། ད་ལྟ་དེ་ཡང་འགྲིག་འཇགས་བྱུང་ནས་འཚོགས་ལ་ཉེ་བའི་གཞོན་ལྷན་གྱི་ཚོགས་ཆེན་ཐོག་ཏུ་ཡང་ཡོང་གི་ཡོད་པ་རེད། ད་ལྟ་ནང་ཁུལ་གྱི་དཀའ་ངལ་གང་འཚམ་སེལ་བ་འདྲ་རེད། སྤྱི་ཡོངས་ཀྱི་ཆ་ནས་གལ་ཆེ་ཤོས་དེ་བོད་ནང་གི་ཛ་དྲག་གནས་སྟངས་རེད་ལ། དེའི་ཐོག་ལས་འགུལ་རིམ་པས་སྤེལ་བ་རེད་མོད། ད་དུང་ཤུགས་ཆེ་རུ་གཏོང་དགོས་པ་དང་སོ་སོའི་འདོད་པ་བཞིན་དུས་ཚོད་དང་དེ་འདྲའི་ཆ་ནས་བྱུང་མ་སོང་། དེར་བློ་ཕམ་འདྲ་བྱུང་སོང། ང་ལ་མཚོན་ན་འདི་བྱས་པ་ཡིན་ཞེས་བཤད་རྒྱུའི་གོམས་གཤིས་མེད་ལ། ལས་འགུལ་རིགས་ག་རེ་ཡིན་ཡང་རྒྱུན་ལས་ཐུན་མོང་གི་ཐག་གཅོད་དགོས་ཀྱི་ཡོད་པ་རེད་ལ། གྲུབ་འབྲས་བྱུང་བ་ཡང་སྒྲིག་འཛུགས་ཀྱི་ངོས་ནས་བྱུང་བ་ཞིག་རེད།

དྲི་བ། བར་ལམ་ནས་གཞོན་ལྷན་ནང་ས་གནས་ཕྱིར་འཐེན་བྱེད་མཁན་སོགས་བྱུང་བས་ད་ལྟའང་ས་གནས་དྲུག་ཡར་སླེབས་ཡོད་པ་མ་རེད། ད་ལྟའི་ཆར་དངོས་སུ་ས་གནས་ག་ཚོད་ཡོད་དང་ཚོགས་མི་ག་ཚོད་ཅིག་ཡོད།

ལན། སྤྱིར་བཏང་གཞོན་ལྷན་ལ་ས་གནས་༨༨ ནས་ལྔ་ཞིག་ཕྱིར་འཐེན་བྱས་པ་རེད། ཚོགས་མི་སྟོང་ཕྲག་སུམ་ཅུ་སོ་ལྔ་ཙམ་ཡོད་ཟེར་གྱི་ཡོད་པ་དེ་༡༩༧༠ ལོ་གཞོན་ལྷན་བཙུགས་པ་ནས་བརྩི་ཡི་ཡོད་པ་རེད། དངོས་སུ་ང་ཚོགས་མི་བྱེད་རྒྱུ་མིན་ཞེས་ཕྱིར་འཐེན་བྱེད་དགོས་རེད། ད་ལྟའི་ཆར་ས་གནས་ཁག་ཅིག་ཕྱིར་འཐེན་བྱས་ནའང་། གསར་པ་ཡང་མང་པོ་ཡོང་གི་ཡོད་པས། ད་ལྟ་གྲངས་ཀ་དེ་ཁ་གསལ་པོ་རང་མེད། ས་གནས་གཞོན་ལྷན་དངོས་སུ་སྒོ་བརྒྱབ་ན་དེ་ནས་མེད་པ་ཆགས་ཀྱི་རེད། དེ་མིན་མཚམས་རེར་ཉམས་ཆག་འདྲ་སོང་ནའང། ལོ་གཅིག་གཉིས་རྗེས་ནས་བསྐྱར་གསོ་ཡོང་ཐུབ་ཀྱི་ཡོད་པ་རེད། ཀ་ཤི་མི་རི་ས་གནས་ལྟ་བུར་མཚོན་ན། ལོ་ཁ་ཤས་རིང་ལ་ས་གནས་གཞོན་ལྷན་གོ་རྒྱུ་མེད་པ་འདྲ་ཆགས་ཡང་། ད་ལོ་ཡང་ས་གནས་ཡོད་ཅེས་ཚུར་འབྲེལ་བ་བྱས་སོང་།

དྲི་བ། གཞོན་ལྷན་སྒྲིག་འཛུགས་འདིའི་ངོས་ནས་བོད་རང་བཙན་འཐབ་རྩོད་ལ་གཙོ་བོ་ག་རེ་བྱེད་ཐུབ་ཀྱི་རེད་དགོངས་ཀྱི་ཡོད།

ལན། ལས་འགུལ་ལ་རིགས་ཁ་ཤས་ཡོད་རེད། དམིགས་ཡུལ་གཙོ་བོ་བོད་རང་བཙན་དེ་ཡིན་པ་དང་། དེ་རིང་འདི་བྱས་ནས་སང་ཉིན་རང་བཙན་རག་གི་རེད་ཅེས་བཤད་ཚོད་ཐིག་གི་མ་རེད་དེ། གོམ་པ་རྒྱག་དགོས་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པའི་གོ་རྟོགས་སྤེལ་རྒྱུ་དང་། ལྷག་ཏུ་རྒྱ་མི་རིགས་ལ་གོ་རྟོགས་སྤེལ་དགོས་པ་དེ་གལ་ཆེན་པོ་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པས་སྔོན་མ་བྲིས་པའི་བོད་རང་བཙན་སྐོར་གྱི་རྩོམ་ཞིག་ད་ཐེངས་དབྱིན་ཡིག་ཐོག་བསྒྱུར་ནས་བོད་དབྱིན་གཉིས་ཀའི་དེབ་ཅིག་འདོན་གྱི་ཡོད། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དེ་གལ་ཆེན་པོ་ཡིན་པས། སྔོན་མ་ཡིན་ན་སྐད་འབོད་དང་མར་མེའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་དང་། ད་ལྟའི་ཆར་ལས་འགུལ་གྱི་ངོ་བོ་ཡང་འགྱུར་བ་ཅུང་འགྲོ་ཡི་ཡོད་རེད་ལ་ཞུ་གཏུག་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། སྐབས་དང་དུས་ལ་བལྟས་ནས་དཔེར་ན་པཎ་ཆེན་རིན་པོ་ཆེའི་སྐོར་ལ་ལས་འགུལ་སྤེལ་སྐབས། པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་ཞུ་གཏུག་བྱེད་ཀྱི་ཡོད་པ་རེད། རྒྱ་ཆེ་ས་ནས་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དེ་རང་བཙན་རེད།

དྲི་བ། དེང་སྐབས་མང་ཚོགས་ནང་གཞོན་ལྷན་གྱི་ལས་འགུལ་དེ་ཅུང་ཉམས་ཆག་སོང་འདུག་ཟེར་མཁན་ཡོད་པས། དེ་ལས་འགུལ་གྱི་ངོ་བོར་འགྱུར་བ་སོང་བས་ཡིན་དང་། ཡང་ན་ཉམས་ཆག་སོང་ཡོད་རེད་དགོངས་ཀྱི་འདུག
ལན། ལས་འགུལ་ཉམས་པ་དེ་གཞོན་ལྷན་གཅིག་པུ་རེད་མི་འདུག བོད་པའི་སྤྱི་ཚོགས་ནང་སྤྱི་ཡོངས་ཀྱི་ཆ་ནས་དོ་སྣང་དང་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་སོགས་ཉམས་ཆག་སོང་བ་འདྲ་མཐོང་གི་འདུག བོད་མིའི་སྒྲིག་འཛུགས་ཡིན་ནའང་སྐབས་སྔོན་མའི་ཚོགས་གཙོ་དང་དེ་ཚོས་མི་མང་མཉམ་ཞུགས་བྱེད་ཀྱི་མི་འདུག་ཅེས་གསུངས་ཡོད་པ་རེད། དེ་ནས་ཁ་གསལ་པོ་བཟོ་དགོས་པ་དཔེར་ན་རང་བཙན་དང་དབུ་མའི་ལམ་གྱི་སྐོར་རེད། རང་བཙན་བཤད་མཁན་ཚོ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དང་འགལ་བ་རེད་ཟེར་བ་སོགས་རེད། སྤྱིར་བཏང་རང་བཙན་བཤད་པ་ཙམ་གྱིས་དབུ་མའི་ལམ་ལ་དགག་པ་ཡོད་པས་ཁྱབ་ཀྱི་མ་རེད། མི་མང་ནང་སོང་ནས་དངོས་སུ་གསལ་བཤད་དང་གོ་རྟོགས་སྤེལ་ན། རང་བཞིན་གྱིས་གསལ་པོ་ཆགས་ནས་སྔོན་མ་ནང་བཞིན་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་མཁན་མང་དུ་ཡོང་གི་རེད། སྤྱིར་བཏང་མི་མང་ཚོ་ལྷག་བསམ་རྣམ་དག་དང་སེམས་ཤུགས་ཆེན་པོ་རེད། ཡིན་ཡང་གནས་ཚུལ་ཁ་གསལ་པོ་མ་ཆགས་ནས་མི་མང་ཚོ་འཁྲུག་ཐེབས་ཀྱི་ཡོད་རེད། མི་མང་ནང་སོང་ནས་གསལ་བཤད་བྱས་ན་སྡུག་ཆགས་རེད་མི་འདུག་ཁོ་རང་ཚོས་བསམ་གྱི་འདུག

དྲི་བ། ༢༠༡༣ ལོའི་ཚོགས་ཆེན་ཐོག་རང་བཙན་འཐབ་རྩོད་ཀྱི་ཚོགས་པ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་འབྲེལ་བ་བྱེད་རྒྱུ་མིན་པའི་གྲོས་ཆོད་ཅིག་ཡོད་པས། དེ་རྒྱུན་གནས་དགོས་པ་རེད་དགོངས་ཀྱི་ཡོད་དང་འགྱུར་བ་གཏོང་རྩིས་ཡོད།

ལན། ཚོགས་ཆེན་ཐོག་འགྲོ་སྟངས་དེ་ས་གནས་ནས་བསམ་ཚུལ་སླེབས་ཀྱི་ཡོད་རེད། སྔོན་མའི་གྲོས་ཆོད་དེ་ཕྱིར་འཐེན་དགོས་པའི་བསམ་ཚུལ་ཞིག་སླེབས་ན་བགྲོ་གླེང་བྱས་ཏེ་མང་མོས་དང་སྤྱི་མོས་ཀྱིས་གཏན་འབེབས་བྱེད་རྒྱུའི་ལམ་ཁ་ཞིག་ཡོད་རེད།

དྲི་བ། ཐེངས་འདིའི་རྒྱུན་ལས་དང་ཚོགས་གཙོས་ལས་ཀ་བྱས་རིང་། གྲོས་ཆོད་དེས་ཕན་ཐོགས་ཡོད་པ་མཐོང་སོང་ངམ། ཡང་ན་མེད་ན་ཡག་ས་རེད།
ལན། ང་ཚོ་རྒྱུན་ལས་ནང་དེའི་ཐོག་དམིགས་བསལ་གྲོས་བསྡུར་བྱུང་མ་སོང་ལ། བསམ་ཚུལ་བཤད་ན་ཏག་ཏག་འདུག་གི་མི་འདུག ས་གནས་ནས་བསམ་ཚུལ་སླེབས་དགོས་པ་རེད། ང་ཚོའི་ངོས་ནས་དེ་བསམ་ཚུལ་བཤད་ན་ཤུགས་ཆེན་པོ་སོང་ནས། ཡང་ཚོགས་གཙོས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་དང་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཟེར་བའི་གནས་སྟངས་བྱུང་ན་ཏག་ཏག་འདུག་གི་མི་འདུག ཚོགས་ཆེན་ཐོག་བསམ་ཚུལ་བྱུང་ན་བགྲོ་གླེང་བྱས་ཏེ་མང་མོས་སྤྱི་མོས་ཀྱིས་ཐག་གཅོད་ཡོང་གི་རེད།

དྲི་བ། ཚོགས་ཆེན་འཚོག་ལ་ཉེ་བ་དེའི་ཐོག་བརྗོད་གཞི་གཙོ་བོ་ག་རེ་ཡོང་གི་རེད།

ལན། ཚོགས་ཆེན་དེ་གཞོན་ལྷན་གྱི་དབང་ཚད་ཆེ་ཤོས་ཀྱི་ཚོགས་འདུ་ཞིག་རེད། དེའི་ཐོག་སྒྲིག་གཞི་བསྐྱར་བཅོས་དང་། སྲིད་ཇུས་གསར་པ། རྒྱུན་ལས་གསར་འདེམས་སོགས་དགོས་རེད། བོད་དོན་ཐོག་ལས་འགུལ་སྤེལ་སྟངས་དང་། སྤྱི་ཚོགས་ཞབས་ཞུ། མང་གཙོའི་གོ་རྟོགས་སྤེལ་ཐབས་སྐོར་ལ་གྲོས་གཞི་གྲོས་ཆོད། བོད་མིའི་སྒྲིག་འཛུགས་ཀྱིས་འོས་བསྡུའི་སྐོར་ལ་བསམ་ཚུལ་བསྡུ་ཡི་ཡོད་པས། དེའི་ཐོག་བསམ་ཚུལ་ཕུལ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་རེད།

དྲི་བ། ཚོགས་ཆེན་ཐོག་གཞོན་ལྷན་གྱི་ཁྲིམས་སྒྲིག་གཞིའི་ཐོག་འགྱུར་བ་གཏོང་དགོས་པ་གཙོ་བོ་ག་རེ་ཡོད་རེད།
ལན། ༢༠༡༣ ལོར་གཞོན་ལྷན་གྱི་དམིགས་ཡུལ་དོན་ཚན་བཞི་པའི་ཐོག་གྲོས་ཆོད་ཅིག་ཁྱེར་ཡོད་ནའང་དུས་ཚོད་ཀྱི་འདང་མིན་གྱིས་བྱུང་ཡོད་པ་མ་རེད་ལ། ༢༠༡༦ ལོའི་ཚོགས་ཆེན་ཐོག་གྲོས་ཆོད་འཁྱེར་རྒྱུ་བྱས་ཡོད་པས། ཚོགས་ཆེན་འདིའི་ཐོག་གྲོས་ཆོད་འཁྱེར་གྱི་ཡོད་ལ། དམིགས་ཡུལ་དང་པོའི་ཐོག་ཏུ་ཡང་གྲོས་ཆོད་འཁྱེར་གྱི་ཡོད། དམིགས་ཡུལ་དང་པོ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་པ་གཞིར་བཟུང་ཤར་བསྐྱོད་ཞུ་རྒྱུ་ཡིན་ཟེར་བ་དང་། དམིགས་ཡུལ་བཞི་པ་གཉིས་འགལ་ཟླ་འདུག་ཅེས་མི་མང་ནང་བསམ་ཚུལ་ཡོད་པ་རེད་ལ། ༢༠༡༣ ལོར་ཟམ་གདོང་རིན་པོ་ཆེས་གཞོན་ལྷན་གྱི་ཚོགས་ཆེན་ཐོག་ཏུ་ཡང་བཀའ་སློབ་གནང་ཡོད་པ་རེད། དེའི་ཐོག་འགྱུར་བ་འགྲོ་ཡི་ཡོད་མེད་མི་ཤེས་ཏེ། བགྲོ་གླེང་བྱས་ཏེ་སྤྱི་ཚོགས་ལ་ཕན་པ་ཞིག་བྱུང་ན་བསམ་བསྡད་ཡོད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས།