གཞོན་སྐྱེས་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དབུ་འཛུགས་གནང་འདུག

ཟླ་འདིའི་ཚེས་༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྡ་སའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ཨིམ་པེ་རི་ཡལ་ (Imperial Hotel) གསོལ་མགྲོན་ཁང་དུ་ཉིན་གྲངས་ལྔའི་རིང་གི་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དབུ་འབྱེད་གནང་སོང་།

ཐེངས་འདིའི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་གཉིས་གཙོས། ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ལྡི་ལི་མཐོ་སློབ་སོགས་ནས་གཞོན་སྐྱེས་གྲངས་༢༣ ་ཕེབས་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་ཡིས་ ང་ཚོའི་འཐབ་རྩོད་དེ་བཞིན་མི་རབས་ནས་མི་རབས་བརྒྱུད་དགོས་པར་བརྟེན། ང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་ཡིན་ནའང་འདྲ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་རྣམས་རྒྱུན་འཛིན་ཆེད་མི་རབས་གཅིག་གིས་གཅིག་ལ་རྩིས་སྤྲོད་དགོས་ཀྱི་ཡོད། རྩིས་སྤྲོད་ཟེར་དུས་དེ་ཚོའི་ཐོག་གོ་རྟོགས་སྤེལ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་མ་གཏོགས་མི་རིགས་གཞན་ཞིག་གི་ང་ཚོའི་ཚབ་བྱེད་ཐུབ་ཐབས་བྲལ་བ་རེད། དེ་ཡིན་དུས། ང་ཚོ་བོད་པ་རང་གི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་ལ་གང་བྱ་རྒྱུ་འདུག བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཐོག་གང་བྱ་རྒྱུ་འདུག དེ་བཞིན་དེང་སང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འཚམས་པའི་ཐོག དེང་དུས་ཀྱི་ཤེས་ཡོན་ཐོག་ནས་ང་ཚོའི་སྤྱི་ཚོགས་དང་། སྤྱི་ཚོགས་གཞན་ལ་ཞབས་ཕྱི་ཞུ་རྒྱུ་གང་འདུག དེ་ཚོའི་ཐོག་གོ་རྟོགས་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་དང་། བོད་ནང་གི་གནས་སྟངས་ཆགས་བསྡད་ཀྱི་ཡོད་རེད། རྒྱ་དམར་གཞུང་གིས་སྲིད་བྱུས་འཛིན་སྟངས་ཐོག་ནས་བོད་ནང་གི་ཆོས་དད་རང་དབང་དང་། ཁོར་ཡུག་གི་གནས་བབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་ཀྱི་ཐོག་དོ་སྣང་གནང་རྒྱུ་དང་། གོ་རྟོགས་སྤེལ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད་ཅེས་དང་། དེ་བཞིན། ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་འདྲ། ང་ཚོའི་སྤྱི་ཚོགས་ནང་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པའི་དུས་ཚོད་ཆགས་བསྡད་ཀྱི་ཡོད་རེད། དེ་ཡང་མི་གཅིག་གི་ནུས་པ་ཡིན་ནའང་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ང་ཚོར་དམིགས་དཔེ་བལྟ་ས་ཧ་ཅང་མང་པོ་ཡོད་རེད། དཔེར་ན། ལྷོ་ཨ་ཕི་རི་ཀའི་ནེལ་སོ་མན་ཌེ་ལཱ་ (Nelson Mandela) དང་། རྒྱ་གར་གྱི་མེས་པོ་དམ་པ་གྷན་དི། (Gandhi)  ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་པ་མར་ཊིན་ ལུ་ཐར་ཀིང་ (Martin Luther King Jr) ལྟ་བུ་མི་གཅིག་གིས་སོ་སོའི་རྣམ་དཔྱོད་བེད་སྤྱད་ནས་སྤྱི་ཚོགས་ཁྱོན་ཡོངས་སྣེ་ཁྲིད་ཐུབ་པ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱིས་བརྩི་བཀུར་ཞུ་ཡུལ་དུ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོ་སྒེར་སོ་སོར་སྤོབས་པ་དང་། སེམས་ཤུགས་ཡོད་པའི་ཐོག་ནས་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ང་ཚོ་འདིར་འཛོམས་ནས་གོ་རྟོགས་གང་བྱུང་བ་རྣམས་སོ་སོ་བཞུགས་ཡུལ་སྤྱི་ཚོགས་དེའི་ནང་གི་ནུས་པ་གོང་མཐོར་གཏོང་རྒྱུ་དང་། སྤྱི་ཚོགས་སྣེ་ཁྲིད་ཐུབ་པའི་སེམས་ཤུགས་ཡོད་པ་ཡིན་ན། ང་ཚོར་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་རེད་སོགས་ཀྱི་གསུང་བཤད་གནང་འདུག

གཞན་ཡང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་ང་ཚོའི་འཐབ་རྩོད་མུ་མཐུད་དགོས་ན་གཞོན་སྐྱེས་རྣམས་ལ་རེ་བ་བྱེད་ས་ལས་གཞན་ཡོད་མ་རེད། དེ་ཡིན་དུས་ན་གཞོན་ཚོ་མཐོང་རྒྱ་ཐོས་རྒྱ་ཡག་པོ་བྱུང་ན། སྤྱི་ཚོགས་ནང་ནུས་པ་ལྡན་པའི་ཕྱག་ལས་གནང་ཐུབ་རྒྱུར་དགེ་མཚན་ཡོད་པ་དང་། ཕྱིའི་མི་ལ་བོད་དོན་འགྲེལ་བཤད་བརྒྱབ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་གོ་རྟོགས་དགོས་པའི་སྐོར་གསུངས་པ་དང་།  དེ་བཞིན་བོད་མི་ཡིན་པའི་ཆ་ནས་བོད་དོན་གོ་རྟོགས་སྤེལ་རྒྱུའི་ནུས་པ་ཡོད་པ་དང་། ནུས་པ་དེར་གཞོག་འདེགས་གནང་རྒྱུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཡིན་པ་དང་། ནུས་པ་དེ་ཡོད་པའི་སྤོབས་པ་སོ་སོའི་ངོས་ནས་སྐྱེས་ཏེ། སེམས་ནང་གང་ཡོད་པ་དེ་ཤོད་ཐུབ་མཁན་ཞིག་ཆགས་དགོས་སྐོར་གསུང་བཤད་གནང་འདུག

ཟབ་སྦྱོང་དངོས་གཞིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་སྐོར། དཔལ་ལྡན་ཚོགས་གཞོན་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱོགས་བསྐྱོད་ལས་རིམ་ཁག་གི་སྐོར། སྤྱི་འཐུས་ཚེ་རིང་དབྱངས་ཅན་གྱིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་ངོ་སྤྲོད། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱུན་འབྲེལ་སྡེ་ཚན་དང་། རྟོག་ཞིབ་སྡེ་ཚན་ངོ་སྤྲོད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པའི་གནས་ཚུལ་ཁག་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་བཀོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།