གཟི་བརྗིད་ཀྱི་ལེའུ་གསར་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༤ ཕྱི་ལོ་ ༢༠༢༠/༡༢/༣༠

ཉེ་ཆར་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ནས་<<བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྲིམས་འཆར་ ༢༠༢༠>>གཏན་འབེབས་དང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་མཚན་རྟགས་བཀོད་པ་དེ་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་འཕྲལ་ཕུགས་གཉིས་སུ་གལ་གནད་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད། དེ་ཡང་གཙོ་བོ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་འཚོ་བའི་མཐུན་རྐྱེན་ཐོག་ལ་ཨ་རིའི་སྲིད་གཞུང་གིས་མཐུན་འགྱུར་རྒྱབ་སྐྱོར་གནང་བ་ཙམ་མ་ཡིན་པར། དྷ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་། སྲིད་སྐྱོང་དེ་ཨ་རིའི་སྲིད་གཞུང་གིས་ཁྲིམས་ལུགས་གཏན་འབེབས་ཀྱི་ཐོག་ནས་ངོས་འཛིན་ཐོབ་པ་ནི། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གཟི་བརྗིད་ཅན་གྱི་ལེའུ་གསར་པ་ཞིག་ཏུ་གྱུར་ཡོད་ཅིང་། མ་འོངས་པར་མུ་མཐུད་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཆེ་ཁག་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ངོས་འཛིན་དགོས་པའི་ལས་འགུལ་དེ་མུ་མཐུད་སྤེལ་དགོས་པ་དང་སྤེལ་ཐུབ་པའི་གདེང་སྤོབས་སྣོན་མ་ཞིག་ཏུ་གྱུར་ཡོད།

མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་གྲོས་ཚོགས་ཀྱིས་མཚོན་རྒྱལ་ཁབ་མང་པོས་བོད་དོན་ཐོག་གྲོས་ཆོད་མང་པོ་བཞག་མྱོང་བ་དག ལག་བསྟར་བྱས་པ་དང་མ་བྱས་པ་མང་པོ་བྱུང་ཡོད། རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའང་གྲོས་ཚོགས་ཀྱི་གྲོས་ཆོད་དེ་ལག་བསྟར་བྱེད་དགོས་མོད། ཁྲིམས་ཀྱི་ངོ་བོར་གཏན་འབེབས་གནང་བཞག་པ་ལྟར་ལག་བསྟར་མ་བྱས་ན་མི་ཆོག་པ་ཞིག་མིན་པས། གྲོས་ཆོད་དང་ཁྲིམས་ཀྱི་ངོ་བོར་གཏན་འབེབས་གནང་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ཨ་རིའི་གྲོས་ཚོགས་ནས་<<བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྲིམས་འཆར་༢༠༠༢>>ཁྲིམས་སུ་གཏན་འབེབས་གནང་ནས་ད་བར་མི་ལོ་༡༨ ཙམ་གྱི་རིང་། ཨ་རིའི་སྲིད་འཛིན་སུ་ཡིན་ལ་མ་ལྟོས་པར་ལག་བསྟར་བྱས་ཡོད་པ་དང། ཨ་རིའི་སྲིད་འཛིན་རིམ་པས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བའི་རྒྱུ་རྐྱེན་གཅིག་འདི་རང་ལ་ཐུག་ཡོད་པར་ངོས་འཛིན་བྱེད་ཆོག། ད་ལན་༢༠༢༠ ལོར་བསྐྱར་བཅོས་ཁ་སྣོན་གྱིས་གཏན་འབེབས་གནང་ཐུབ་པ་ནི་མ་འོངས་པར་ཡང་མུ་མཐུད་ལག་བསྟར་ངེས་པར་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།

གོང་དུ་བརྗོད་པའི་གནད་དོན་དེ་དང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར། བོད་རྒྱ་ཞི་མོལ་དང་། བོད་ཀྱི་ཁོར་ཡུག་གི་སྐོར། མ་འོངས་པར་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ལོ་རེར་ཉུང་མཐར་ཨ་སྒོར་ས་ཡ་དགུ་རེ་གནང་དགོས་པ་ཁྲིམས་སུ་གཏན་འབེབས་གནང་ཐུབ་པ་ནི་ལས་དོན་གལ་གནད་ཆེན་པོ་ཞིག་འགྲུབ་པ་རེད། གནད་དོན་དེ་ནི་གཙོ་བོ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱིས་མང་མོས་ཚད་མཐོའི་ཐོག་ནས་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་ཞིང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་མཚན་རྟགས་བརྒྱབ་པ་བཅས་ནི། མ་འོངས་པར་བོད་ཀྱི་གནས་སྟངས་ལ་འཕོ་འགྱུར་ཇི་ལྟ་བུ་ཞིག་བྱུང་བའི་དབང་དུ་བཏང་ཡང་། བོད་མི་རིགས་ཀྱི་ངོས་ནས་དུས་ནམ་ཡང་བཀའ་དྲིན་ལ་བསམ་ཤེས་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ཨ་རིའི་གཞུང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ཁྲིམས་སུ་བཅས་ཟིན་པས་མ་འོངས་པར་འགྱུར་བ་གཏོང་རྒྱུ་དེ་སྟབས་བདེ་པོ་དང་ལས་སླ་པོ་ཞིག་གཏན་ནས་མིན་པས། ད་ལྟའི་ཁྲིམས་འཆར་འདི་ནི་བོད་དོན་ལ་མཚོན་ན་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།

གོང་དུ་གསལ་བའི་ཁྲིམས་འཆར་དེ་ལྟ་བུ་ཞིག་བསྐྱར་དུ་འཇོག་ཐུབ་པར་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེས་སྣེ་ཁྲིད་པའི་བཀའ་ཤག་དང་དོན་གཅོད། ཨ་རིར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཀྱིས་འབོད་སྐུལ་ཞུས་པ་ལ་བརྟེན་ནས་བྱུང་ཡོད་པས། ལས་ཀྱི་སྣེ་མོ་བ་རྣམས་ལ་མཚོན་ན་བྱས་རྗེས་དང་གྲུབ་འབྲས་ཧ་ཅང་ཆེན་པོ་རེད། སྲིད་སྐྱོང་ལ་མཚོན་ན་འདས་པའི་མི་ལོ་བཅུ་མ་ཟིན་ཙམ་གྱི་རིང་ལས་དོན་མང་པོ་ཞིག་ལ་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་། ད་ལན་ཨ་རིའི་གྲོས་ཚོགས་གོང་འོག་ནས་གཏན་འབེབས་གནང་བའི་ཁྲིམས་འཆར་འདི་ལ་མཚོན་ན་ལས་དོན་གཅིག་གི་ངོས་ནས་གལ་ཆེ་ཤོས་སུ་གྱུར་ཡོད། མ་འོངས་པར་མི་ལོ་ལྔའི་ནང་བོད་རྒྱ་ཞི་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་དབང་དུ་བཏང་ནའང་ཁྲིམས་འཆར་འདིས་ནུས་པ་ཆེན་པོ་ཐོན་ཐུབ་པ་དང་། དེ་ལྟར་མ་བྱུང་བར་མ་འོངས་པར་མི་ལོ་༥༠ རིང་བཙན་བྱོལ་དུ་གནས་དགོས་བྱུང་ན་ཁྲིམས་འཆར་འདི་ནི་བོད་མིའི་སྒྲིག་འཛུགས་གནས་དང་མི་གནས་ཀྱི་འགག་རྩ་གཙོ་བོར་གྱུར་ཡོད།

མདོར་ན་༢༠༢༡ ལོར་སྲིད་སྐྱོང་སུ་སླེབས་པའི་དབང་དུ་བཏང་ཡང་རྒྱ་གར་གཞུང་དང་། ཉི་ཧོང་གཞུང་གིས་གཙོས་ཨེ་ཤི་ཡའི་ཁུལ་གྱི་རྒྱལ་ཁབ་ཆེ་ཁག ཡུ་རོབ་ཀྱི་རྒྱལ་ཁབ་ཆེ་ཁག་དང་། ཡུ་རོབ་གྲོས་ཚོགས། ཨོ་སི་ཁྲུ་ལི་ཡ་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཨ་རིའི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནང་བ་བཞིན་ཡོང་ཐུབ་པ་ཞིག་བྱ་རྒྱུ་དེ་ལས་དོན་གཙོ་བོར་གྱུར་ཡོད། རྒྱ་དམར་གཞུང་གིས་ཡ་ལན་གང་ཡང་མ་བྱས་པའི་དབང་དུ་བཏང་ན། བོད་རྒྱ་ཞི་མོལ་ཡོང་ཐུབ་པའི་གོ་སྐབས་དང་རེ་བ་ཧ་ཅང་ཕྲ་ནའང་། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཨ་རིའི་སྲིད་གཞུང་ལ་མིག་དཔེ་བལྟས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྲིམས་སུ་གཏན་འབེབས་གནང་མཁན་མང་པོ་བྱུང་ན། རྒྱ་དམར་གཞུང་ལ་གནོན་ཤུགས་ཆེན་པོར་འགྱུར་ངེས་པ་དང་། བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་གནས་པར་ཕན་ཐོགས་རླབས་ཆེན་ཡོད་པས། གནད་དོན་འདི་དང་ཐབས་ལམ་འདི་བེད་སྤྱོད་བཏང་ནས་བོད་ཀྱི་འཐབ་རྩོད་རྒྱུན་རིང་ཙམ་གནས་ཐུབ་པར་འབད་བརྩོན་བྱེད་དགོས་པར་མཐོང་།།