གཡང་མོ་མཚོར་ཨེ་ཤེ་ཡའི་རི་ཁུལ་རྐང་འཁོར་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ།
ཕྱི་ལོ་༢༠༢༤ ལོའི་ཨེ་ཤེ་ཡའི་རི་ཁུལ་རྐང་འཁོར་ལེགས་སྐྱེས་འགྲན་བསྡུར་ཁྲོད་མཚོ་སྔོན་གྱི་རི་ཁུལ་རྐང་འཁོར་ལུས་རྩལ་པ་གཡང་མོ་མཚོ་ལ་ཨང་གསུམ་པའི་བྱ་དགའ་ཐོབ་འདུག

ཟླ་འདིའི་ཚེས་༨ ནས་༡༢ བར། ཕྱི་ལོ་༢༠༢༤ ལོའི་ཨེ་ཤེ་ཡའི་རི་ཁུལ་རྐང་འཁོར་ལེགས་སྐྱེས་འགྲན་བསྡུར་དང་ཨེ་ཤེ་ཡའི་རི་ཁུལ་རྐང་འཁོར་གྱི་གཞོན་ནུའི་ལེགས་སྐྱེས་འགྲན་བསྡུར་གྱི་(U23) ཚོགས་ཆུང་དང་གཞོན་ནུའི་ཚོགས་ཆུང་གི་ཨོ་ལིམ་ཕིག་བྱེས་བགྲོད་འགྲན་བསྡུར་དེ་མ་ལེ་ཤེ་ཡའི་(Malaysia) ནང་ཡོད་པའི་པུ་ཊར་རྗ་ཡ་(Putrajaya) ་ཞེས་པའི་ཁུལ་དུ་འཚོགས་ཡོད་འདུག
ཚེས་༡༡ ་ཉིན་སྤེལ་བའི་བུད་མེད་དར་མའི་བྱེས་བགྲོད་འགྲན་བསྡུར་དེའི་ནང་། མཚོ་སྔོན་ཞིང་ཆེན་གྱི་རི་ཁུལ་རྐང་འཁོར་ལུས་རྩལ་པ་གཡང་མོ་མཚོས་ཨང་གསུམ་པའི་ཕུལ་བྱུང་གྲུབ་འབྲས་བླངས་ཡོད་འདུག གཞན་ཡང་གཡང་མོ་མཚོར་ན་ནིང་འགྲན་བསྡུར་དེའི་བུད་མེད་དར་མའི་རྒྱལ་ཕམ་འགྲན་བསྡུར་ནང་དངུལ་གྱི་རྟགས་མ་དང་བུད་མེད་དར་མའི་བྱེས་བགྲོད་འགྲན་བསྡུར་ནང་ཨང་བཞི་པ་ཐོབ་ཡོད་འདུག
བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན་ཁོང་མོ་ནི་བོད་ནང་གི་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་ནས་ཡིན་ཞིང་། ཕྱི་ལོ་༢༠༡༩ ལོ་ནས་རྒྱ་ནག་རྒྱལ་ཡོངས་རི་ལུང་ཐང་གསུམ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་ཁྲོད་ཞུགས་པ་དང་། ཕྱི་ལོ་༢༠༢༣ ལོར་ད་མེད་དར་མའི་རུ་ཁག་གཉིས་པའི་ནང་དུ་ཞུགས་ཆོག་པའི་གོ་སྐབས་ཐོབ། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་རྒྱ་ནག་ཧྥུ་ཅིན་ཞིང་ཆེན་གྱི་མ་འོངས་བུམ་པ་རྟགས་མའི་རི་ལུང་ཐང་གསུམ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་སྟེ། ཕྱི་ཟླ་༧ པའི་ནང་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་རུ་ཁག་ཏུ་བདམས་ཐོན་བྱུང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།